སྲོག་ཁྲིམས་དང་ཚེ་བཙོན།

21/04/2009 18:55

སྲོག་ཁྲིམས་དང་ཚེ་བཙོན།

ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་ཀྱི་བུད་མེད་གསུམ་ལ་ཁྲིམས་ཐག་བཅད་ཡོད་འདུག 
 


དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། སྔ་ལོའི་ཞི་རྒོལ་ཁྲོད་ལྷ་ས་གྲོང་ཁྱེར་གྱི་པེ་ཅིན་སྲང་ལམ་དུ་རྒྱ་རིགས་ཚོང་ཁང་འགའ་མེར་བསྲེགས་པ་དང་། སྐབས་དེར་ཚོང་ཁང་དེ་དག་གི་བདག་པོ་སོགས་མི་དྲུག་འདས་གྲོངས་སུ་སོང་ཡོད་ཚུལ་དང་། དོན་རྐྱེན་དེ་བཟོ་མཁན་ཕུན་སྐྱིད་ལགས་ཡིན་པར་ཉེས་འཛུགས་འོག   ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།

ས་སྒང་རྫོང་ཁོངས་ནས་ཡིན་པ་ཕུན་སྐྱིད་ལགས་ལ་ལོ་གཉིས་ཕྱིར་འགྱངས་ཀྱི་སྲོག་ཁྲིམས་གཅོད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད།  ཡང་གོང་གི་དོན་རྐྱེན་དེར་འབྲེལ་བ་ཡོད་པར་ཉེས་འཛུགས་ཀྱིས།  ཕུན་སྐྱིད་ཀྱི་གྲོགས་མོ་སྙེ་མོ་རྫོང་གི་ཡིན་པ་ཕུན་སྐྱིད་ལ་ཚེ་བཙོན་དང་འཆི་མེད་ལྷ་མོ་ལ་ལོ་ ༡༠ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ལ་བཀོད་ཡོད་འདུག


དེ་རིང་ཕྱི་དྲོ་བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་སྟེ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་དབང་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཁང་བཅས་ཀྱིས་ཁྲིམས་ཐག་བཅད་པའི་གོང་གི་བོད་རིགས་བུད་མེད་དེ་དག་གི་ཆེད་དུ། བཞུགས་སྒར་ངྷ་ས་རུ་མར་མེ་ཁྲོམ་སྐོར་དང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མི་མང་མཉམ་འཛོམས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་སྨོན་ལམ་གསོལ་འདེབས་ཞུ་རྒྱུ་ཡིན་འདུག 
 
ཉིན་ཤས་སྔོན་དུ་ཡང་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་མི་བློ་བཟང་རྒྱལ་མཚན་དང་བློ་ཡག་གཉིས་ལ་སྲོག་ཁྲིམས་བཅད་ཡོད་པ་གཞུང་འབྲེལ་གསལ་བསྒྲགས་བྱས་ཡོད།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།