འདས་མཆོད་དང་བསྔོ་སྨོན།

09/03/2009 19:21

བོད་བརྒྱུད་ནང་བསྟན་རིག་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་དང་བླ་ཆེན་རྣམས་མཉམ་བཞུགས་ཐོག བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རིན་ཆེན་གཅེས་སྲོག་ཤོར་བའི་དཔའ་བོ་དཔའ་མོ་དག་ལ་བསྔོ་བ་སྨོན་ལམ་གསུངས་ཡོད།  

དེ་རིང་ཞོགས་པ་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་དཔལ་རྒྱལ་བ་ཀརྨ་པ་དང་ས་སྐྱ་བདག་ཁྲི་རིན་པོ་ཆེ། ཆོས་ཚོགས་ཐེངས་བཅུ་བར་བཅར་བའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་དང་བླ་ཆེན་རྣམ་པ། ཆོས་སྡེ་ཁག་གི་སྐུ་ཚབ། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་དམངས་སྟོག་ཕྲག་བརྒལ་བ་བཅས་ལྷན་འཛོམས་ཐོག སྤྱི་ལོ་ ༡༩༨༨ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་བསྟན་སྲིད་ཀྱི་དོན་དུ་སྐུ་སྲོག་ཤོར་བའི་རྒྱལ་གཅེས་བ་དག་གི་ཆེད་དུ་སྐྱབས་ཐོ་ཀློག་འདོན་དང་བསྔོ་བ་སྨོན་ལམ་གསུངས་ཡོད།

 སྐབས་དེར་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་འདས་པའི་བགྲང་བྱ་ཉི་ཤུའི་གོང་གི་ཉི་མ་དེ་རིང་གི་ཚེ་གྲངས་འདི་ལ། བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གི་དྲག་པོའི་དཔུང་གིས་བློ་ཡུལ་ལས་འདས་པའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བསླངས་བའི་ཁྲོད། ལུས་སྲོག་ལོངས་སྤྱོད་ཡོངས་བོད་བསྟན་སྲིད་ཀྱི་དོན་དུ་ཕུལ་བའི་སྤུན་ཟླ་དག་གི་ཆེད་དུ་ལོ་བསྟུད་མུར་ཕྱི་ཟླ་ ༣ ཚེས་ ༨ ཉིན་བསྔོ་བ་སྨོན་ལམ་གསུང་གིན་ཡོད་དང༌། ལྷག་པར་དུ་ད་ལོ་བོད་ས་ཡོངས་རྒྱ་ལག་ཏུ་ཤོར་ཞིང༌། བོད་མི་ཁྲི་ཕྲག་མང་པོ་སྐྱབས་བཅོལ་དུ་གྱར་བའི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་བསྟུན་ཏེ་ཆོས་ཚོགས་ཐེངས་ ༡༠ བ་ཚོགས་ཡོད་པའི་སྐབས་ལ་འཁེལ་ཡོད་སྟབས། ༧གོང་ས་མཆོག་དབུས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་དང་སྐུ་ཚབ་རྣམས་ལྷན་བཞུགས་ཀྱིས་ལྷ་སའི་དམར་གསོད་ཆེན་མོ་བྱུང་སྟེ་ལོ་ ༢༠ འཁོར་བའི་མྱ་ངན་རྗེས་དྲན་གྱི་ཉིན་མོ་འདིར་བསྔོ་བ་སྨོན་ལམ་གསུང་རྒྱུའི་གོ་སྐབས་ཁྱད་པར་ཅན་ཞིག་འགྲིག་ཡོད་ཅེས་ངོ་སྤྲོད་གནང་བྱུང༌།  

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།