རྒྱ་མིའི་དར་དམར་འཕྱར་བར་རྒྱབ་སྐྱོར་མེད་ཅེས་བརྗོད་སོང་།

08/05/2012 15:37

རྒྱ་མིའི་དར་དམར་འཕྱར་བར་རྒྱབ་སྐྱོར་མེད་ཅེས་བརྗོད་སོང་།

ཟླ་འདིའི་ཚེས་༧ ཉིན་སྦེལ་ཀོབ་ཏུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་རྡོར་དང་། བཀྲས་མཐོང་ལྷ་སྒྲོན་གཉིས་ཀྱིས་གཏམ་བཤད་བྱས་པ་དང་། བསྟན་རྡོར་གྱིས་གླིང་ཚང་མ་བུ་གསུམ་གྱི་ཀུན་སློང་ལ་སྐྱོན་མེད་ནའང། རྒྱ་དར་ཁྱེར་བ་དེར་རྒྱབ་སྐྱོར་མེད་མི་མང་གི་དྲི་བར་ལན་འདེབས་བྱས་སོང་།

དེ་ཡང་ཟླ་འདིའི་ཚེས་༧ ཉིན་གྱི་སྔ་དྲོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག བདེ་སྐྱིད་སླར་གསོའི་མི་མང་ཚོགས་ཁང་དུ་འཚོགས་པ་དང་། དེར་གནས་མི་མང་༢༢༠ བརྒལ་བ་འདུ་འཛོམས་བྱུང་འདུག་པ་དང་། གཏམ་བཤད་རྗེས་སུ་མི་མང་གི་དྲི་བ་དྲིས་ལན་སྐབས་མང་ཚོགས་ནང་ནས་དེང་སྐབས་བོད་ནང་གོམ་བགྲོད་དུ་འགྲོ་མཁན་གླང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་ནག་གི་རྒྱལ་དར་ཁྱེར་ནས་འགྲོ་བཞིན་ཡོད་པའི་སྐོར་ལ་མི་མང་ནང་བསམ་ཚུལ་མང་པོ་བྱུང་བཞིན་པར་བརྟེན། བོད་རང་བཙན་སློབ་ཕྲུག་ཚོགས་པར་བསམ་ཚུལ་གང་ཡོད་ཅེས་དྲིས་པར།

bilkob_7_5_2012

ཚོགས་གཙོ་བསྟན་རྡོར་གྱིས་ “དྲི་བ་དེ་དཔེ་མ་ཟད་པའི་གནད་འགག་ཆེན་པོ་ཆགས་ཡོད་པ་རེད། གང་ཡིན་ཟེར་ན། ད་ལྟ་གནས་ཚུལ་དེ་འགྲོ་བཞིན་པའི་སྐབས་ཤིག་རེད།”ཅེས་ཁོང་གིས་བརྗོད་དོན། “གོམ་བགྲོད་འགྲོ་མཁན་ཚོས་རྒྱ་ནག་གི་རྒྱལ་དར་འཕྱར་ནས་འགྲོ་ཡི་ཡོད་པ་དེས། མི་མང་པོའི་སེམས་ནང་ལ་བརྡབ་གསིག་གཏོང་བ་དང་། མགོ་མ་ཚོས་པ་ཆགས་པ། དངངས་སྐྲག་སྐྱེས་དགོས་པའི་ཚོར་བ་བརྒྱ་ཆ་བརྒྱ་ཐམ་པ་བསླངས་ཡོད་རེད་བསམ་གྱི་འདུག འདི་འདྲའི་སྒང་ལ་ང་ཚོ་སློབ་ཕྲུག་ཚོགས་པའི་ཐོག་ནས་ལྟ་ཕྱོགས་དམིགས་སུ་བཀར་ནས་ཤུགས་བརྒྱབ་བསྡད་པ་དེ། དྲང་པོ་ཞུས་པ་ཡིན་ན། ང་ཚོས་ཁ་གཏད་གཅོག་ས་གཙོ་བོ་དེ་རྒྱ་ནག་གཞུང་རང་ལ་དམིགས་བསྡད་ཡོད་རེད། སྐྱོན་བརྗོད་ག་རེ་བྱེད་དགོས་ཀྱི་ཡོད་ན་རྒྱ་ནག་གཞུང་རང་ལ་བྱེད་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་རེད། བོད་པའི་ནང་ལ་ཡང་ལས་ཀ་བྱེད་སྐབས་ལྟ་བ་དང་ལངས་ཕྱོགས་མ་མཐུན་དེ་འདྲ་བོད་ཕྱི་ནང་གཉིས་ལ་ཡོང་གི་འདུག ཕྱོགས་གཅིག་ལ་མ་མཐུན་པ་ཆུང་ཆུང་རེད། སྐབས་རེར་མ་མཐུན་པ་དཔེ་མ་སྲིད་པའི་མངོན་གསལ་དོད་པོ་ཡོང་གི་ཡོད་པ་རེད། དེ་འདྲའི་སྐབས་ལ་ང་ཚོས་ཁོ་ཚོར་རྒྱབ་སྐྱོར་རྩ་བ་ཉིད་ནས་བྱེད་ཐུབ་ཀྱི་མི་འདུག བོད་པའི་ནང་ནས་རྒྱ་ནག་གི་རྒྱལ་དར་ཁྱེར་ནས་འགྲོ་མཁན་ལ་ང་ཚོའི་ངོས་ནས་རྒྱབ་སྐྱོར་བྱས་ན་རྩ་ཉིད་ནས་ཡོང་གི་མི་འདུག མཐའ་གཅིག་ཏུ་ཐད་གར་དགག་པ་རྒྱག་པ་ལ་ཡང་བསམ་བློ་གཉིས་པ་ཞིག་གཏོང་གི་ཡོད། ད་ལྟ་གོམ་བགྲོད་ལ་འགྲོ་མཁན་དེ་ཚོའི་ཀུན་སློང་ལ་ང་ཚོས་དོགས་པ་བྱེད་དགོས་རྒྱུ་མ་རེད་བསམ་གྱི་འདུག བོད་མི་ས་དྲུག་གི་བདེ་སྡུག་གི་ཆེད་དུ་ཡིན་པའི་ཡིད་ཆེས་ཡོད། ཀུན་སློང་དེའི་ཐོག་ནས་ལངས་ཕྱོགས་དེ་དབུ་མའི་ལམ་རང་གི་ཐོག་ནས་ཡིན་རྒྱུ་རེད་བསམ་གྱི་འདུག ཁོ་རང་ཚོས་དཀའ་ལས་བརྒྱབ་པ་དེ་ལ་གུས་བརྩི་ཡོད། ཁོ་རང་ཚོས་རྒྱ་ནག་གི་རྒྱལ་དར་ཁྱེར་པ་དེ་ལྟ་ཕྱོགས་ཀྱི་ཐོག་ནས་འགྲིག་གི་མི་འདུག དྲིལ་བསྒྲགས་ཀྱི་ཐོག་ནས་ཏན་ཏན་འགྲིག་གི་མི་འདུག” ཅེས་དང་། ཁོས་མུ་མཐུད་དུ་བརྗོད་དོན། “གཞོན་ནུ་ལྟན་ཚོགས་ཀྱི་ངོས་ནས་དེ་འགྲིག་གི་མི་འདུག་གསུངས་པ་དེ་ངས་རྒྱུ་མཚན་ལྡན་པ་ཞིག་མཐོང་གི་འདུག གང་ཡིན་ཟེར་ན་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་དེ། སྤྱི་ཚོགས་ཀྱི་དཀྱིལ་ན་ཡོད་པའི་ཚོགས་པ་ཞིག་ཆགས་ཡོད་པས་ངས་རྒྱུ་མཚན་ལྡན་པ་ཞིག་མཐོང་གི་འདུག་ཅེས་ཞུ་རྒྱུ་ཡིན།”ཞེས་ལན་འདེབས་བྱས་སོང་།

གཞན་མང་ཚོགས་ནས་གོམ་བགྲོད་པ་ཚོས་རྒྱ་ནག་གི་རྒྱལ་དར་ཁྱེར་ནས་འགྲོ་བཞིན་པ་དེར་སྐྱོད་བརྗོད་བྱེད་མཁན་དང་ཁ་རྡོང་གཏོང་མཁན་ཡང་མང་པོ་བྱུང་བཞིན་འདུག །

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།