རེ་སྒུག་གི་གོང་དུ།

30/10/2008 04:03

                                             
                                              

          རེ་སྒུག་གི་གོང་དུ།

རིས་མེད་སྐྱབས་ཀྱི་མཆོག་གཱུར་འཕགས་མཆོག་མི་ཡི་རྣམ་རོལ་བ༌།

ཁྱེད་སྐུ་ཟླ་བ་དཀར་བོའི་བོད་ཀྱིས་ཉམ་ཆུང་འགྲོ་རྣམས་རབ་སྐྱོང་ཞིག༌།

ཁྱེད་གསུང་ཆོད་ཀྱི་སྒྲ་དབྱངས་སྙན་མོས་གདུལ་བྱའི་གདུང་བ་སེལ་གཱུར་ནས༌།

ཐུགས་རྗེའི་འོད་ཀྱི་གཟི་བྱིན་དཀར་བོ་བསྐལ་བའི་བར་དུ་ཤར་བར་ཤོག།

སྔོན་བྱོན་ཆོས་རྒྱལ་དག་གིས་མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས༌།

སྐབས་དཻར་བོད་ཀྱི་མཚན་སྙན་དཀར་པོ་འཛམ་གླིང་གོ་ལའི་ཏོག་ཏུ་འཕུར༌།

མི་རྟག་དུས་ཀྱི་རོ་ལངས་ཤིག་གིས་དགྲ་ཇག་དམར་པོའི་འཇབ་རྒོལ་གྱིས༌།

ང་ཚོའི་གྲགས་པའི་མཚན་སྙན་དཀར་པོ་འཇིགས་རུང་མུན་པའི་གཡང་སར་ལྷུང༌།

སྡུག་བསྔལ་མུན་པའི་གཏེང་ན་ཉམ་ཆུང་བོད་མིའི་ལས་དབང་དེ༌།

ཐར་མེད་དགྲ་ཇག་མཆེ་སྡེར་བར་ན་སྐྱོ་གདུང་མཆི་མའི་གཟུགས་སུ་འགྲིལ༌།

རེ་སྒུག་ཕོ་ཉ་འབོད་པའི་དབྱངས་རྟ་ལྷོ་ཕྱོགས་མཁའ་མཐའི་སྤྲིན་པར་བསྐུར༌།

ཁྱེད་སྐུ་ཉི་མའི་འོད་སྣང་དཀར་བོ་གནས་འདིར་སྩོལ་དང་གངས་རིའི་མགོན༌།

ཇག་དམར་གཏུམ་པོས་དྲག་སྤྱོད་འོག་ནས་ཉམས་ཀྱང་རྒུད་པ་བོད་ཀྱི་ལས༌།

ཨ་ཐང་ཆད་དེ་ཨུ་ཤུ་འཐེན་བཞིན་མྱ་ངན་ལམ་ནས་འགྱེལ་ལ་ཁད༌།

ཡིན་ཡང་སེམས་ལ་ཞུམ་པ་མེད་པར་རེ་བའི་རི་མོ་ཁྱེད་ལ་འདོགས༌།

ཁྱེད་ཀྱི་ཞབས་པད་སྤྱི་བོར་བསྒོམས་ཏེ་རེ་བའི་གཤོག་ཟུང་རྟག་ཏུ་སྐྱོང༌།

 

སྤྱི་ལོ་༢༠༠༨ ཟླ་བ་༡༡ ཚེས་༥ ཉིན།

                       དཀོན་མཆོག་གིས་བྲིས།། །།

 

 

         

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།