བོད་རང་བཙན་ཁུངས་སྐྱེལ་གྱི་དཔེ་དེབ

11/04/2012 11:37

 

ཨུ་རུ་སུའི་མཁས་དབང་ཞིག་གིས་བརྩམས་པའི་བོད་རང་བཙན་ཁུངས་སྐྱེལ་གྱི་དཔེ་དེབ་དེ་བཞིན་བཀའ་ཁྲི་མཆོག་གིས་དབུ་འབྱེད་གནང་བ།

༢༠༡༢ ཟླ་ ༤ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༠ རེས་གཟའ་མིག་དམར་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་རྡ་ས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་ཨུ་རུ་སུའི་མི་སེར་ཡིན་པ་སྐུ་ཞབས་སར་ཇེའུ་སི་ཨེལ་ཀུཛ་མིན་ (Dr.Sergius L. Kuzmin)ལགས་ཀྱིས་རྩོམ་སྒྲིག་གནང་བའི། སྦས་པའི་བོད། རང་བཙན་གཙང་མ་དང་བཙན་འོག་ཏུ་གནས་པའི་ལོ་རྒྱུས། (Hidden Tibet:History of Independence and Occupation)ཅེས་པའི་བོད་རང་བཙན་ཁུངས་སྐྱེལ་གྱི་དཔེ་དེབ་དེ་སྔ་ཨུ་རུ་སུའི་སྐད་ཡིག་ཐོག་ཡོད་པ་ནས་དབྱིན་ཡིག་ཐོག་ཕབ་བསྒྱུར་ཞུས་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་གནང་ཡོད།
དེ་ཡང་ཐོག་མར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཚོགས་བཅར་བ་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཆུང་ཁག་གཅིག དེ་བཞིན་དཔེ་མཛོད་ལས་བྱེད་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༦༠ བརྒལ་བར་འཚམས་འདྲི་ཞུས་པ་དང་སྦྲགས། དཔེ་དེབ་དང་དཔེ་དེབ་རྩོམ་པ་པོ་ངོ་སྤྲོད་ཀྱི་གསུང་བཤད་སྙིང་བསྡུས་ཤིག་གནང་གྲུབ་བསྟུན། བཀའ་ཁྲི་མཆོག་གིས་རྩོམ་པ་པོ་མཆོག་དང་ལྷན་དཔེ་དེབ་དབུ་འབྱེད་གནང་རྗེས་གསུང་བཤད་གནང་སྐབས དཔེ་དེབ་དེ་བཞིན་རྒྱལ་སྤྱིའི་ཐོག་མང་ཚོགས་རྣམས་ཀྱིས་དེ་སྔ་བོད་ཀྱི་བྱུང་རབས་ཀྱི་གནས་སྟངས་འཁྱོག་བཤད་མེད་པར་དྲང་བདེན་གྱི་ལམ་ནས་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཡོང་རྒྱུའི་རེ་བ་ཡོད་སྐོར་དང་། རྩོམ་པ་པོ་མཆོག་གིས་མ་བསྐུལ་དང་བླང་ཐོག་བོད་མིའི་བདེན་པར་རྒྱབ་ལངས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་ཡོད།
དེ་རྗེས་རྩོམ་པ་པོ་རང་ཉིད་ཀྱིས་དཔེ་དེབ་ཀྱི་ནང་དོན་གཙོ་བོ་ཁག་མདོར་བསྡུས་ཤིག་གསལ་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད། སྦས་པའི་བོད། རང་བཙན་གཙང་མ་དང་བཙན་འོག་ཏུ་གནས་པའི་ལོ་རྒྱུས། ཞེས་པའི་དཔེ་དེབ་དེ་བཞིན་ཨུ་རུ་སུའི་སྐད་ཡིག་ཐོག་ཡོད་པ་དེ་ཐོག་མར་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༤ ལོར་བོད་ཀྱི་དཔེ་མཛོད་ཡང་སྟེང་ཚོགས་ཁང་དུ་བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་མཆོག་གིས་དབུ་འབྱེད་གནང་ཡོད། དཔེ་དེབ་དེར་ཁྱོན་ཤོག་གྲངས་ ༥༤༡ ལྷག་ཙམ་ཡོད་འདུག དཔེ་དེབ་དེ་བཞིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་གྱི་མཐུན་འགྱུར་གནང་ཡོད་པ་བཅས།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།