བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་མཇུག་བསྡོམས།

01/05/2012 14:29

 

གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་མཇུག་བསྡོམས།

 

ཕྱི་ཟླ་༤ ཚེས་༢༧ ཉིན་འགོ་འཛུགས་བྱས་པའི་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པ་དེ་ཕྱི་ཟླ་༤ ༢༩ ཉིན་རྒྱ་ནག་གཞུང་ལ་བོད་རྒྱ་གྲོས་མོལ་བསྐྱར་གསོ་དགོས་པའི་འབོད་སྐུལ་དང་སྦྲགས་ཚོགས་འདུ་མཇུག་བསྡོམས་བྱས་ཡོད་པ་རེད།

ཚོགས་ཆེན་བོད་རྒྱ་འབྲེལ་མོལ་དང་འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག ཆོས་ཕྱོགས་ཀྱི་རིག་གཞུང་། ཤེས་ཡོན་བཅས་ཀྱི་འོག་ནས་ནང་གསེས་རིམ་པ་ཁག་ཏུ་དབྱེ་སྟེ་གྲོས་བསྡུར་ཐག་གཅོད་བྱུང་མཐར་གྲོས་ཚོགས་ཀྱི་འཐུས་མི་དྲུག་ཅུ་ཙམ་གྱིས་ཨོ་ཊ་ཝར་མཉམ་འབྲེལ་ཐོག་བསྒྲགས་གཏམ་ཞིག་སྤེལ་བའི་སྙིང་དོན་གཙོ་བོ་ནི། བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་ཡག་ཤོས་ནི་ཁ་ཞེ་གཉིས་མེད་ཐོག་རྒྱ་ནག་གུང་ཁྲན་སྲིད་གཞུང་ནས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་བམ་མང་གཙོའི་ལམ་ལུགས་ནས་འོས་འདེམས་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་དབར་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་དགོས་པ་མ་ཟད། གྲོས་མོལ་ཞུ་རྒྱུ་དེ་གནད་འགག་ཆེན་པོ་ག་ཚོད་ཆགས་ཡོད་མེད་རྒྱ་ནག་གཞུང་ལ་ནན་བརྗོད་བྱ་རྒྱུ་དང་། དེ་བཞིན་ད་ལྟའི་ཆར་བོད་ནང་རྒྱ་ནག་དབུས་གཞུང་ནས་སྲིད་བྱུས་འཛིན་བཞིན་པ་དེ་དག་ནི་བོད་མི་མང་གི་མངོན་འདོད་དང་མཚུངས་ཀྱི་མེད་པར་བརྟེན། དེ་ལྟ་བུའི་གནས་སྟངས་འོག་ནས་དཀའ་ངལ་སེལ་རྒྱུར་ཕན་ཐོགས་མེད། ཕྱོགས་མཚུངས་ཉེ་ཆར་ནས་བཟུང་རྒྱ་ནག་མི་མང་ཚོས་ཀྱང་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བཏོན་པའི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་དང་འགྲོ་མུས་ཡིན་པ་ངོས་ལེན་ཞུས་ཡོད། རྒྱ་ནག་གཞུང་ཕྱོགས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཁུངས་མེད་བསྐྱོན་བརྗོད་དང་མཚན་སྨད་ཞུ་རྒྱུ་མཚམས་འཇོག་བྱས་ཏེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་ཞེས་སོགས་འཁོད་ཡོད་པ་རེད།

དེ་བཞིན་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེ་ཞུས་པ་དང། རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་དགོས་པ་མ་ཟད། བོད་ཀྱི་ཁོར་ཡུག་སོགས་ལའང་སྲུང་སྐྱོབ་བྱེད་དགོས། ལྷག་པར་སྔ་ལོ་བཙན་བྱོལ་བོད་མི་ཚོས་བཀའ་བློན་ཁྲི་པའི་འོས་བསྡུ་དྲང་བདེན་གྱི་ལམ་ནས་གནང་བར་བསྔགས་བརྗོད་སོགས་ཀྱང་གནང་འདུག་པ་བཅས། །

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།