དྭ་ཕྲུག་སློབ་གྲྭ་ཞིག་སྒོ་བརྒྱབ་འདུག

12/05/2012 23:10

 

དྭ་ཕྲུག་སློབ་གྲྭ་ཞིག་སྒོ་བརྒྱབ་འདུག

བོད་ཀྱི་དུས་བབ།


གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༧ ཡས་མས་ཤིག་ལ་མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཟམ་ཚ་རོང་དུ་ཡོད་པའི་སྒེར་བཙུགས་སློབ་གྲྭ་༼གངས་ལྗོངས་ཤེས་རིག་ཞི་བདེ་འོད་དཀར་གླིང་། ཞེས་པའམ་ཀླུ་ཆུ་རྫོང་སྒེར་གཉེར་དྭ་ཕྲུག་སློབ་གྲྭ ༽ཞེས་པ་རྒྱ་གཞུང་གིས་སྒོ་བརྒྱབ་ཡོད་པ་དང་། དེ་དང་མཉམ་དུ་སློབ་གྲྭའི་དགེ་རྒན་རང་ལོ་ ༣༣ ཡིན་པའི་སངས་རྒྱས་དོན་གྲུབ་དང་། རང་ལོ་ ༢༨ ཡིན་པའི་འཇམ་དབྱངས་གཉིས་ཀྱང་འཛིན་བཟུང་གིས་ད་ཆར་གར་ཡོད་ཅི་ཆགས་ཀྱི་གནས་སྟངས་ཤེས་རྟོགས་མེད་པ་ཆགས་ཡོད་འདུག

རྒྱ་གཞུང་གིས་སློབ་གྲྭ་དེ་སྒོ་རྒྱག་དོན་གཙོ་བོ་ནི། སློབ་གྲྭའི་འཁྲིད་གཞི་གཙོ་བོ་བོད་ཡིག་ཡིན་པ་དང་། བོད་ཀྱི་རིག་གནས་སྤྱི་དང་། ཡང་སྒོས་བོད་སྐད་གཙང་མ་བཤད་པའི་ཐོག་ཤུགས་རྒྱག་གི་ཡོད་པ་མ་ཟད། འཛིན་རིམ་འཕར་བྱེད་ཀྱི་རྒྱུགས་གཞི་ཡང་བོད་ཡིག་གཙོ་བཟུང་བྱས་ཡོད་སྟབས་སྲིད་གཞུང་གི་མིག་ནང་ལ་མ་རན་པ་ཞིག་ཡིན་ཚུལ་རྗོད་ཀྱི་ཡོད་འདུག

ཡང་འགའ་རེ་ཡིས་སློབ་གྲྭའི་སློབ་གཙོ་ཨ་བཙུན་བརྩོན་འགྲུས་རྒྱ་མཚོ་མཆོག་གིས་སློབ་གྲྭ་དེར་སློབ་གླུ་ཞིག་བརྩམས་ཡོད་པ་དེའི་ནང་ཁ་བྲལ་རིང་ལུགས་པའི་ངན་སྐུལ་བརྗོད་བྱ་བྱས་བའི་ཆབ་སྲིད་ཀྱི་གནད་དོན་ཆེན་པོ་ཡོད་ཚུལ་ཉེས་འཛུགས་བྱས་ཡོད་རབས་བཤད།   

སློབ་གཙོ་ཨ་བཙུན་བརྩོན་འགྲུས་རྒྱ་མཚོ་མཆོག་ཕྱི་ལོ་ ༢༠༡༠ ལོའི་མཇུག་ཙམ་ནས་རྒྱ་གཞུང་གི་དོ་དམ་སྟངས་འཛིན་འོག་ཉར་ཏེ་སུན་གཙེར་ཡང་ཡང་བྱེད་ཀྱི་ཡོད་པ་དང་། སྔར་ལོའི་ཕྱི་ཟླ་ ༡ པའི་ནང་འདྲི་རྩད་བྱེད་དུ་འཁྲིད་པ་ནས་ཕྱིར་ཡོང་མེད་པ་ཆགས་ཡོད་པ་མ་ཟད། འདས་པའི་ལོ་གཅིག་ལྷག་རིང་ཁོང་གི་གནས་ཚུལ་གཅིག་ཀྱང་གོ་ཚོར་མེད་པ་ཆགས་ཡོད་འདུག

ས་གནས་མང་ཚོགས་ཚོས་བརྗོད་པ་ལྟར་ན། ཨ་བཙུན་བརྩོན་འགྲུས་རྒྱ་མཚོ་མཆོག་གིས་དེ་སྔ་༼ དེབ་ཐེར་ནག་པོ ༽ཞེས་པའི་བོད་ཀྱི་ལོ་རྒྱུས་དཔེ་དེབ་ཅིག་བརྩམས་ཏེ། བོད་ཀྱི་འདས་པའི་ལོ་རྒྱུས་བྱུང་རབས་དངོས་དང་། ལྷག་པར་དུ་དེང་རབས་ཀྱི་དངོས་ཡོད་གནས་སྟངས་ཞིབ་ཚགས་ཀྱིས་བྲིས་ཡོད་པ་དེའི་རྐྱེནས་པས་ཁོང་འཛིན་བཟུང་བྱས་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག  

དེ་སྔ་གངས་ལྗོངས་ཤེས་རིག་ཞི་བདེ་འོད་དཀར་གླིང་དུ་སློབ་ཕྲུག་ ༥༠ ལྷག་ཡོད་པ་དང་། དེ་དག་ནི་ཀན་སུའུ་དང་མཚོ་སྔོན། ཟི་ཁྲོན་ས་ཁུལ་གྱི་བོད་རིགས་བྱིས་པ་དྭ་ཕྲུག་དང་དབང་བོ་སྐྱོན་ཅན། སློབ་གྲྭར་གཏོང་བའི་ཆ་རྐྱེན་མེད་པའི་དབུལ་ཕོང་ཁྱིམ་ཚང་གི་བྱིས་པ་བཅས་ཡིན་འདུག

གོང་བཀོད་གནས་ཚུལ་དེ་བོད་ནང་ནས་ཆེད་གཏོང་དབྱིན་ཡིག་སོགས་སྐད་ཡིག་འདྲ་མིན་ནང་གང་ཐུབ་ཀྱིས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་ཡོངས་བའི་འབོད་སྐུལ་བཅས་གནང་འདུག

 

སློབ་གྲྭའི་དབུ་ཁྲིད་དང་དགེ་རྒན་རྣམ་པ།

 

སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས།

 

སློབ་ཕྲུག་ཚོས་ཞོགས་རྩལ་སྦྱོང་བཞིན་པ།

 

སློབ་གཙོ་མཆོག་གིས་བརྩམས་པའི་སློབ་གླུ།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།