ལྷ་སའི་ཉེན་རྟོག་པས་དྲག་རྡུང་གི་ལས་འགུལ་རྒྱ་ཆེ་བཏང་འདུག

08/05/2012 15:34

 

ལྷ་སའི་ཉེན་རྟོག་པས་དྲག་རྡུང་གི་ལས་འགུལ་རྒྱ་ཆེ་བཏང་འདུག

 

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་ས་མཚམས་བརྒལ་ཏེ། བལ་ཡུལ་གྱི་ཉེན་རྟོག་པ་མཉམ་འབྲེལ་བྱས་ཏེ་བལ་ཡུལ་ནང་གི་བོད་མི་ཚོར་དྲག་རྡུང་གི་ལས་འགུལ་སྤེལ་འཆར་ཡོད་པའི་གནས་ཚུལ་འདུག

དེ་ཡང་ཟླ་འདིའི་ཚེས་༧ བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན།  ཉེ་དུས་ཕྱི་ཟླ་ ༤ པའི་ནང་ནས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་སྤྱི་བདེའི་ཁྱབ་ཁོངས་ཀྱི་ནང་ཁུལ་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ལྷ་སར་དྲག་རྡུང་གཏོང་རྒྱུའི་ནང་ཁུལ་འཆར་གཞི་ཞིག་བཀོད་སྒྲིག་བྱེད་བཞིན་ཡོད་པ་དང་། འཆར་གཞིའི་ཁོངས་རྒྱ་རིགས་རྐྱང་པ་ལས་གྲུབ་པའི་སྤྱི་བདེ་ལས་ཁུངས་ཀྱི་འགོ་གཙོ་ཁག་ཅིག་ལ་གཙོ་བོའི་ལས་འགན་སྤྲད་དེ་དྲག་རྡུང་གི་ལས་འགུལ་སྤེལ་འཆར་ཡོད་པ་མ་ཟད།  ལྷག་པར་བལ་ཡུལ་གཞུང་གི་ཉེན་རྟོག་པ་དང་འབྲེལ་བ་བྱས་ཏེ་བལ་ཡུལ་གྱི་ཉེན་རྟོག་པ་དང་མཉམ་འབྲེལ་ཐོག་ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་ངན་སྐུལ་གྱི་ལས་འགུལ་སྤེལ་མཁན་ལ་རྡུང་རྡེག་གཏོང་ཐུབ་པ་བྱས་ཏེ་རྒྱལ་སྤྱིའི་ཉེན་རྟོག་མཉམ་འབྲེལ་གྱི་ནུས་པ་གོང་མཐོར་གཏོང་དགོས་པ།  དེ་བཞིན་བོད་མི་གནས་སྡོད་བྱ་ཡུལ་གྱི་ཞིང་ཆེན་ཚུད་པའི་ཉེན་རྟོག་པར་ཡང་འབྲེལ་བ་བྱས་ཏེ་རྡུང་རྡེག་གཏོང་རྒྱུའི་ལས་འགུལ་ཤུགས་ཆེ་སྤེལ་རྒྱུའི་འཆར་གཞི་ཞིག་བཀོད་སྒྲིག་བྱས་ཡོད་འདུག

འཆར་གཞིའི་དེའི་ཁོངས་ལྷ་ས་གྲོང་ཁྱེར་ནང་དོ་དམ་དང་གཙང་བཤེར་བྱ་རྒྱུའི་ཚན་པ་མང་དག་ཅིག་གསར་འཛུགས་བྱས་ཏེ། དེ་དག་གི་གཙོ་བོའི་ལས་འགན་ཁག་སྤྱི་བདེ་ཐིང་ཅུས་ཀྲང་གི་གོ་གནས་ཡོད་པའི་རྒྱ་རིགས་དཔོན་རིགས་ཁག་གཅིག་དམིགས་འཛུགས་བྱས་ཡོད་པ་ལྟར། མི་སྣ་དེ་དག་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་འགོ་གཙོ་གཞོན་པ་ལོ་ཞའོ་པིང་དང༌།  ཐེན་ཅན་ཧྲ།  མཱ་ཅོན།  ཀྲང་ཝུན་ཧྲན། ཁྲའོ་ཐའེ་ལིན་སོགས་ད་རེས་དྲག་རྡུང་གཏོང་རྒྱུའི་ལས་འཆར་གྱི་སྣེ་ཁྲིད་པའི་འགན་འཁུར་སྤྲད་ཡོད་པ་རེད།  ཁོང་ཚོས་ལྷ་སའི་ནང་སྤྱི་བདེའི་ཁྱབ་ཁོངས་ཀྱི་ཚན་པ་ཁག་གཙོ་བོར་གྱུར་བའི་ཐོག  དྲག་ཆས་ཉེན་རྟོག་པ་དང༌།  དམིགས་བསལ་ཉེན་རྟོག་པ།   རྒྱལ་སྲུང་ཡན་ལག་རུ་ཆེན་སོགས་ཚན་པ་ཁག་ཅིག་གི་སྣེ་ཁྲིད་དེ། ལྷ་ས་གྲོང་ཁྱེར་ཁོངས་དྲག་རྡུང་ཤུགས་ཆེ་ཞིག་གཏོང་འཆར་ཡོད་འདུག
ད་རེས་དྲག་རྡུང་ཁོངས་གཙོ་གནད་མི་སྣར་དོ་དམ་བྱ་རྒྱུ་སྟེ། དགོན་སྡེའི་མཐོ་རིམ་གྲྭ་བཙུན་དང༌།  དགོན་སྡེ་ནས་ཁ་བྲལ་ཟིན་པའི་གྲྭ་བཙུན།  ཕྱིར་འབུད་བྱས་པའི་གྲྭ་བཙུན།  སློབ་གསོ་བཏང་སྟེ་ཕྱིར་ཐོན་ཟིན་པའི་རིགས། དེ་ནི་༼ཆབ་བཙོན་ཟུར་པ་རྣམས་ལ་གོ་དགོས།༽ དོགས་ཡོད་མི་སྣའི་རིགས།  ས་ཁོངས་ཕྱི་རོལ་ནས་ལོག་ཡོང་བའི་མི་སྣ་སོགས་ལ་དམིགས་བསལ་ཞིབ་འཇུག་དང་དྲག་རྡུང་གཏོང་རྒྱུ་ཡིན་པ་སོགས་ཀྱི་གནས་ཚུལ་ཐོན་འདུག།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།