རེབ་གོང་དུ་ངོ་རྒོལ

15/08/2012 00:25

 

རེབ་གོང་དུ་ངོ་རྒོལ་བྱེད་ཀྱི་འདུག

བོད་ཀྱི་དུས་བབ་ལས།།


དེ་རིང་བོད་ཨ་མདོ་རེབ་གོང་སེང་གེ་གཤོང་གི་ས་གནས་མི་མང་ཚོས་སྲིད་གཞུང་གི་བྱེད་སྤྱོད་ལ་ངོ་རྒོལ་གྱིས་མི་མང་བརྒྱ་ཕྲག་འགས་ལག་ཏུ་འཕྲེད་དར་འཕྱར་བཞིན་སྐད་འབོད་གོམ་བགྲོད་གནང་གི་ཡོད་འདུག 

ད་ལྟ་རང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡།༠༠ ཙམ་ལ་བོད་ཨ་མདོ་རེབ་གོང་སེང་གེ་གཤོང་གི་ས་གནས་མི་མང་ཚོས་རྒྱ་གཞུང་གི་བྱེད་སྤྱོད་ལ་ངོ་རྒོལ་གྱིས་གོམ་བགྲོད་སྐད་འབོད་གནང་གི་ཡོད་འདུག དེ་ནི་ཁ་སང་སེང་གེ་གཤོང་གི་མི་གསུམ་གྱིས་རླངས་འཁོར་བཏང་ནས་འགྲོ་སྐབས། ས་གནས་རྒྱ་ནག་གི་ཉེན་རྟོག་པ་ར་བཟི་ཡོད་པ་སྐོར་ཞིག་ཡོང་སྟེ་ཁོང་ཅག་དོན་མེད་དུ་བཀག་འགོག་བྱས་ཏེ། ་འདྲི་རྩད་སྣ་ཚོགས་དང་འཇིགས་སྐུལ་སོགས་བྱས་མཐར་ཁོང་ཅག་གི་བར་འཁྲུག་འཛིང་བྱུང་སྟེ། ཉེན་རྟོག་པ་ཚོས་བོད་མི་ཚོར་ཉེས་རྡུང་ཚོད་མེད་བཏང་སྟེ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག ད་དུང་ཉེན་རྟོག་པ་ཚོས་མེ་མདའ་བརྒྱབ་ཡོད་པའི་སྐད་ཆ་ཞིག་ཀྱང་འདུག དེའི་རྗེས་སུ་གནས་ཚུལ་ཅི་བྱུང་སྐོར་ད་སྔ་ཤེས་རྟོགས་ཐུབ་མི་འདུག

ད་ལྟ་མི་གྲངས་ ༢༠༠ ཡས་མས་ཤིག་གིས་ལག་ཏུ་ “སྲིད་གཞུང་གི་སྤྱི་བདེ་ཅུའུ་ཡིས་མི་དམངས་ལ་གཅར་གདུང་(རྡུང་)བྱེད།” ཞེས་བོད་ཡིག་དང་རྒྱ་ཡིག་གཉིས་ཐོག་བྲིས་ཡོད་པའི་འཕྲེད་དར་སྣ་ཚོགས་དང་། ཁ་སང་ཉེན་རྟོག་པ་ཚོས་དོན་མེད་དུ་ཉེས་རྡུང་གཏོང་བཞིན་པའི་པར་སོགས་འཕྱར་ཏེ། གཞུང་ལམ་བརྒྱུད་གོམ་བགྲོད་སྐད་འབོད་གནང་གི་ཡོད་པ་དང་། ད་ཆར་དེར་མི་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

 

ད་ལྟ་སླར་ཡང་གནས་ཚུལ་གཉིས་པ་འབྱོར་བའི་ནང་། དེ་རིང་ཉིན་གུང་སེང་གེ་གཤོང་མ་མགོ་སྡེ་བའི་སྡེ་མི་ ༢༠༠ ཡས་མས་ཤིག་གིས་སྐད་འབོད་རྒྱག་བཞིན་ཐུན་རིན་རྫོང་ཉེན་རྟོག་ལས་ཁུངས་སུ་བསྐྱོད་ཡོད་པ་དང་། དེའི་རྗེས་མུ་མཐུད་སྡེ་མི་ཇེ་མང་དུ་སོང་སྟེ་ད་ཆར་མི་ ༥༠༠ ཙམ་ཉེན་རྟོག་ཁང་གི་སྒོ་ཁར་འཛོམས་ཏེ་སྐད་འབོད་རྒྱག་གི་ཡོད་འདུག ཉེན་རྟོག་པ་རྣམས་ཞེད་སྣང་གིས་སྒོའི་ཕྱིར་འཐོན་གྱི་མེད་པ་དང་། སྡེ་མི་རྒན་པ་ཚོས་མི་མང་བཀག་འགོག་བྱས་ཏེ། "དྲག་པོའི་རྣམ་འགྱུར་ཟུར་ཙམ་ཡང་མ་སྟོན་རོགས། སྲིད་གཞུང་གིས་དམག་མི་བཏང་སྟེ་དྲག་གནོན་བྱ་བསམ་ཡོད་པ་རེད" ཅེས་སློབ་གསོ་གཏོང་གི་ཡོད་འདུག 

ཁ་སང་ཉེན་རྟོག་པས་ཉེས་རྡུང་ཕོག་ཡོད་པ་མི་ ༤ ཡོད་འདུག་ལ། དེ་དག་ནི་སྐལ་བཟང་དང་། དཀོན་མཆོག་ཉི་མ། ཤ་བོ་ཚེ་རིང་། དཀོན་མཆོག་ནོར་བུ་བཅས་ཡིན་འདུག དེའི་ཁྲོད་ཀྱི་ཤ་བོ་ཚེ་རིང་ཞུ་བ་ཁོང་ལ་ཉེས་རྡུང་ཧ་ཅང་ཚབས་ཆེན་བཏང་ཡོད་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།