ཨ་རིའི་བར་སྣང་དུ་སྐྱོད་མཁན་གྱི་བུད་མེད་ཐོག་མ་འདས་གྲོངས

24/07/2012 23:25

 

 

ཨ་རིའི་བར་སྣང་དུ་སྐྱོད་མཁན་གྱི་བུད་མེད་ཐོག་མ་འདས་གྲོངས།

སཱལ་ལི་རཡེ་ཊི་ཞེས་པའི་བར་སྣང་དུ་སྐྱོད་མཁན་གྱི་ཨ་རིའི་བུད་མེད་ཐོག་མ་དེ་འདི་ཟླའི་ཚེས་༢༣ ཉིན་ཨ་རིའི་མངའ་སྡེ་ཁེ་ལི་ཧྥོ་ནི་ཡར་འདས་གྲོངས་སུ་ཕྱིན་ཡོད་པ་རེད། སཱལ་ལི་གཤེར་རྨེན་སྐྲན་ནད་ན་ནས་ཟླ་བ་༡༧ རིང་བཅོས་ཐབས་བྱས་ཀྱང་། གྲུབ་འབྲས་མ་ཐོན་པར་རང་ལོ་༦༡ ཐོག་ལྔ་ལམ་དུ་ཕྱིན་ཡོད་པ་རེད།

ཨ་རིའི་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྲིད་འཛིན་ཨོ་བྷ་མས་ཁོང་ལ་ཨ་རིའི་ལོ་རྒྱུས་ནང་བར་སྣང་དུ་སྐྱོད་མཁན་གྱི་བུད་མེད་དང་པོ་དེ་ཡིན་པས། རྒྱལ་ཁབ་ཀྱི་དཔའ་མོ་དང་མིག་དཔེ་ལྟ་ས་རྩ་ཆེན་ཞིག་ཡིན་ཞེས་བསྔགས་བརྗོད་བྱས་ཤིང་། ཁོང་འདས་གྲོངས་སུ་ཕྱིན་པར་བློ་ཕམ་ཧ་ཅང་ཆེ་ཞེས་མྱ་ངན་གུས་འདུད་བྱས་ཡོད་པའི་སྐོར་འཁོད་ཡོད་པ་རེད།

སཱལ་ལི་རཡེ་ཊི་ཕྱིས་སུ་ཨ་རིའི་སི་ཊན་ཧྥོར་ཌི་གཙུག་ལག་སློབ་གྲྭའི་སློབ་དཔོན་བྱས་པ་དང་། ཚན་རིག་ཉམས་ཞིབ་ཀྱི་ལས་འགན་བཞེས་ཐོག་ལས་བྲེལ་ཤིན་ཏུ་ཆེ་ཡང་། སཱལ་ལི་རཡེ་ཊིའི་ཚན་རིག་ཅེས་པའི་ཤེས་རིག་ཀྱི་ལས་འཆར་གོ་སྒྲིག་དང་། དེ་བཞིན་ཕྲུ་གུའི་ཚན་རིག་དེབ་ཕྲེང་ལྔ་གསར་རྩོམ་གནང་ཡོད་ཅེས་མོའི་ཐེབས་རྩ་ཁང་ནས་བརྗོད་ཡོད་པ་རེད།

སལ་ལི་ཡིས་ཨ་རིའི་བར་སྣང་ལ་ཞུགས་རྗེས་ཨ་རིའི་བར་སྣང་གི་ལས་འཆར་དང་མདུན་ལམ། བར་སྣང་འཛིན་སྐྱོང་བཅས་ལ་ཡར་རྒྱས་ཧ་ཅང་བཏང་ནས། ཨ་མེ་རི་ཁའི་ཆེ་མཐོང་དང་སྤོབས་པ་ལ་འོད་སྣང་བསྐྲུན་ཡོད་པ་རེད།

སཱལ་ལི་རཡེ་ཊི་རང་ལོ་༣༢ ཏེ་ཕྱི་ལོ་༡༩༨༣ ལོར་བར་སྣང་དུ་ཕྱིན་ཏེ། ཨ་རིའི་ལས་འཆར་དང་དམིགས་ཡུལ་མངོན་འགྱུར་དུ་བཟོས་ཤིང་། ལོ་རྒྱུས་ཐོག་བར་སྣང་དུ་བསྐྱོད་མཁན་ལོ་ཆུང་ཤོས་ཤིག་དང་བུད་མེད་གཉིས་པ་ཡིན་པ་དང་། ཨ་རིའི་ལོ་རྒྱུས་ནང་བུད་མེད་དང་པོ་དེ་ཆགས་ཡོད་པ་རེད། སཱལ་ལི་རཡེ་ཊིའི་རྗེས་སུ་ཨ་རིའི་བུད་མེད་༤༥ བར་སྣང་དུ་བསྐྱོད་ཡོད་པ་རེད།

བར་སྣང་དུ་སླེབས་མཁན་བུད་མེད་ཐོག་མ་དེ་ཨུ་རུ་སུའི་ཏེ་རེ་ཤི་ཀོ་ཝ་ཞེས་པ་དེ་ཡིན་ཞིང་། མོ་རང་ཕྱི་ལོ་༡༩༦༣ ལོར་བར་སྣང་དུ་ཕྱིན་ཏེ་འཇིག་རྟེན་ལ་ལོ་རྒྱུས་གསར་པ་ཞིག་སྐྲུན་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།