གླུ་བ་ཞིག་འཛིན་བཟུང་།

15/08/2012 00:13

 

གླུ་བ་ཞིག་འཛིན་བཟུང་

དུས་བབ་ལས།
རྒྱ་ནག་གཞུང་གིས་ཁམས་ནགས་ཤོད་འབྲི་རུ་རྫོང་གི་གླུ་བ་ཞིག་འཛིན་བཟུང་བྱས་ཏེ། གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་འདུག

བསྟན་དར་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ལོ་ཤས་གོང་ནས་བཟུང་རྒྱ་ནག་གཞུང་གིས། ཁམས་ནགས་ཤོད་འབྲི་རུ་རྫོང་འབྲི་རུ་ཤང་བཀྲ་ཤིས་དར་ལུང་གྲོང་ཚོའི་བོད་རིགས་གླུ་བ་མཆོག་གསལ་ལགས། གླུ་གཞས་ཀྱི་ལམ་ནས་མི་དམངས་ལ་བརྒྱུད་སྐུལ་བྱེད་མཁན་དང་། སྤྱི་ཚོགས་བརྟན་བརླིང་ལ་གནོད་པ་བཟོ་མཁན་ཡིན་པའི་ཉེས་མིང་འོག ཁོང་ལ་གཞས་བཏང་མི་ཆོག་པའི་ཉེན་བརྡ་དང་འཛིན་བཟུང་བཀའ་རྒྱ་བཏང་བ་ལ་བརྟེན། ད་ལྟའི་བར་ཁོང་ཕ་ཡུལ་དུ་སྡོད་ཐབས་མེད་པར་དུས་ཡུན་གང་འཚམ་རིང་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དང་། མཚོ་སྔོན་ཟི་ལིང་སོགས་སུ་བྲོས་བྱོས་ཉེན་གཡོལ་བྱས་ཡོད་ཀྱང་། ད་ལོའི་ཕྱི་ཟླ་ ༧ པའི་ཚེས་༢༩ ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༡༠ པ་ཡས་མས་སུ།  ཟི་ལིང་གྲོང་ཁྱེར་གྱི་དྲྭ་ཁང་ཞིག་ཏུ་གློ་བུར་འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། གླུ་བ་མཆོག་གསལ་ལགས་ཀྱིས་ད་ལྟའི་བར་སྔ་ཕྱི་ཆེད་བསྒྲིགས་འོད་སྡེར་༼ གདོང་དམར་བོད་པའི་རྨི་ལམ༽ དང་། ༼ སྤུན་ཟླའི་འོས་འགན༽ ། ༼ སྤུན་ཟླའི་བརྩེ་སེམས༽ ། ༼གངས་ཕྲུག ༽ བཅས་འོད་སྡེར་ ༤ བཏོན་ཡོད་པ་མ་ཟད། ཉེ་སྔོན་ཁོང་གིས་བོད་ཀྱི་གཞས་པ་གྲགས་ཅན་འགའ་དང་མཉམ་རུབ་ཐོག ༼ཁ་བའི་རྣམ་ཤེས༽ ཞེས་པའི་འོད་སྡེར་ཞིག་འདོན་རྒྱུའི་གྲྭ་སྒྲིག་བྱས་ཡོད་འདུག་ལ། ཁོང་འཛིན་བཟུང་བྱས་དོན་གཙོ་བོ། ཁོང་གི་ཆེད་སྒྲིག་འོད་སྡེར་དང་པོའི་ནང་། ༸གོང་ས་མཆོག་ལ་བསྟོད་ཚིག་དང་མི་རིགས་ཀྱི་ལར་ཞེན་སྐོར་གྱི་གཞས་ཚིག་མང་པོ་བྱུང་ཡོད་སྟབས།  རྒྱ་གཞུང་གིས་ཁོང་གིས་འོད་སྡེར་རྗེས་མ་དག་ལྷ་ས་དང་ནགས་ཤོད་འབྲི་རུ་རྫོང་སོགས་སུ་ཚོང་འགྲེམས་བཀག་འགོག་དང་ཚོང་ཁང་ཁག་ཏུ་ཡོད་པ་དག་བཙན་འཕྲོག་བྱས་ཡོད་པ་མ་ཟད། ཁོང་གི་འོད་སྡེར་བཞི་པ་ནགས་ཤོད་འབྲི་རུ་རྫོང་གི་ཟ་ཁང་ཞིག་ཏུ་སྟོན་སྐབས། གློ་བུར་དུ་ཉེན་རྟོག་པ་ཡོང་སྟེ་འོད་སྡེར་བཙན་འཕྲོག་དང་ཟ་ཁང་གི་སྦྱིན་བདག་ལ་རྒྱ་སྒོར་ ༥༠༠ ཆད་པ་བཅད་པ་སོགས་དམ་དྲག་དང་བཀག་འགོག་ཤུགས་ཆེར་བྱས་ཡོད་འདུག

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།