ཐའེ་ཝན་དེ་བོད་རང་བཙན་འཐབ་རྩོད་བྱ་སའི་ཟམ་པ་ལྟ་བུ་རེད།

05/08/2012 17:46

 

ཐའེ་ཝན་དེ་བོད་རང་བཙན་འཐབ་རྩོད་བྱ་སའི་ཟམ་པ་ལྟ་བུ་རེད།

 

dorjee tseten sftབོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལ་བཅར་འདྲི། ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་སྣེ་ལེན་གོ་སྒྲིག་འོག ལོ་སྔོན་མ་ནས་འགོ་བརྩམས་ཏེ་ཐའེ་ཝན་གྱི་མཐོ་སློབ་ཁག་ལྔའི་སློབ་མ་ཁག་ཅིག་ངྷ་རམ་ས་ལར་སྣེ་ལེན་གྱིས།  བོད་གཞུང་གིི་ལྷན་ཁང་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག

གཞན་ཡང་དྷ་སའི་ཉེ་འཁོར་གྱི་སློབ་གྲྭ་དང་དགོན་སྡེ་ཁག་ལ་བལྟ་སྐོར་གྱིས། བོད་ཕྱི་ནང་གི་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ཐའེ་ཝན་མི་མང་གིས་ཤེས་རྟོགས་ཡོང་ཆེད་ཀྱི་ལས་དོན་ཞིག་འགྲོ་བཞིན་པ་ལྟར། ལོ་འདིར་ཡང་ཕྱི་ཟླ་༧ པའི་ཚེས་༡༨ ཉིན་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པས་སྣེ་ཁྲིད་དེ། ཐའེ་ཝན་གྱི་མཐོ་སློབ་མི་འདྲ་བ་ཁག་ལྔའི་སློབ་མ་༡༦ དང་དགེ་རྒན་༢ ། འབྲེལ་མཐུད་པ་༡ གཅིག་བཅས་མི་༡༩ དྷ་རམ་ས་ལར་འབྱོར་ཡོད་པ་རེད།

དྲི་བ། ཚོགས་པ་གཉིས་ཀྱི་ངོས་ནས་ཐའེ་ཝན་གྱི་སློབ་མ་ཚོ་འདིར་སྣེ་ལེན་བྱེད་དགོས་དོན་གཙོ་བོ་གང་ཡིན།
ལན། ལོ་སྔོན་མར་ལས་གཞི་འདིའི་འགོ་བཙུགས་པ་རེད། ལོ་དེ་ལ་ཐའེ་ཝན་གྱི་སློབ་མ་༢༠ མ་ཟིན་ཙམ་ཞིག་འདིར་སླེབས་ཐུབ་པ་བྱུང་ཡོད་རེད། ཁོང་ཚོ་འདིར་སྐད་གཏོང་དགོས་པའི་དམིགས་ཡུལ་གཙོ་བོ་དེ། ཐའེ་ཝན་ནང་གི་གཞོན་སྐྱེས་ཚོ་དང་ལྷག་པར་དུ་སློབ་སྦྱོང་ཡོད་མཁན་གྱི་ན་གཞོན་ཚོར། བོད་ནང་གི་དངོས་ཡོད་གནས་སྟངས་འགྲེལ་བཤད་གསལ་པོ་ཞིག་ཡོང་ཆེད་དང་། བཙན་བྱོལ་ནང་དུ་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གཙོས་པའི། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མི་སྣ་དང་། བོད་དོན་འཐབ་རྩོད་པ། རྩོམ་པ་པོ། ཆབ་སྲིད་བཙོན་ཟུར་སོགས་གནད་ཡོད་མི་སྣ་མང་པོ་ཞིག་དང་མཉམ་དུ་འབྲེལ་བ་བྱས་ནས། བོད་ཕྱི་ནང་གཉིས་ཀྱི་དངོས་ཡོད་གནས་སྟངས་དེ་ཁོང་ཚོ་བརྒྱུད་ནས་ཐའེ་ཝན་མི་མང་ལ་དྲིལ་བསྒྲགས་བྱེད་རྒྱུ། ཕྱོགས་གཞན་ཞིག་ནས་ཁོང་ཚོ་འདིར་ཡོང་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་སློབ་གྲྭ  དགོན་སྡེ་ཁག  གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ལ་བཅར་ཏེ་བཙན་བྱོལ་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཀྱི་གནས་སྟངས་གསལ་རྟོགས་ཡོང་ཆེད་དུ་རེད།

དྲི་བ། ལོ་འདིར་མཚོན་ན་ཁོང་ཚོ་འདིར་ཡོང་ནས་དམིགས་བསལ་གྱི་ལས་དོན་གང་བསྒྲུབ་ཡོད་རེད།
ལན། ཁོང་ཚོ་འདིར་ཡོང་ནས་བདུན་ཕྲག་གཉིས་ཀྱི་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག གཞན་ཡང་དྷ་སའི་ཉེ་འཁོར་གྱི་སློབ་གྲྭ་དང་དགོན་སྡེ་ཁག་ལ་བལྟ་སྐོར་གྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་རྒྱུས་ལོན་བྱས་ཡོད་རེད་ལ།  བཀའ་བློན་ཁྲི་པ་བློ་བཟང་སེང་གེ་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མགོ་ཁྲིད་དང་ཆབ་སྲིད་བཙོན་ཟུར་སོགས་ལ་ཐུག་འཕྲད་ཀྱིས་གཏམ་བཤད་དང་། དྷ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་སློབ་མ་དང་མཉམ་དུ་བསམ་ཚུལ་བརྗེ་རེས། དེ་བཞིན་ཕྱི་ཚེས་༣༠ ཉིན་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་མཇལ་སར་བཅར་ཡོད་པ་རེད། མདོར་ན། ཁོང་ཚོས་བདུན་ཕྲག་དང་པོའི་ནང་དྷ་སའི་ཉེ་འཁོར་གྱི་གནད་ཡོད་ས་གནས་ཁག་ལ་བལྟ་སྐོར་དང་། བདུན་ཕྲག་གཉིས་པའི་ནང་ང་ཚོས་དགུ་བཅུ་གསུམ་དང་འབྲེལ་བ་བྱས་ནས་ཆབ་སྲིད་བཙོན་ཟུར་༢༠ ལྷག་དང་ཐུག་འཕྲད་ཀྱིས། ཕན་ཚུན་ལ་བཅར་འདྲི་བྱས་ཏེ་ཁོང་ཚོ་ཕྱིར་ཐའེ་ཝན་དུ་ལོག་རྗེས་བོད་ནང་གི་ཆབ་སྲིད་བཙོན་པའི་སྐོར་གྱི་དེབ་ཆུང་ཞིག་འདོན་འཆར་ཡོད་རེད།

དྲི་བ། ཁྱེད་རང་གིས་ལོ་གཉིས་ཀྱི་རིང་ཐའེ་ཝན་གྱི་སློབ་ཕྲུག་ཚོ་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས་པའི་ཉམས་མྱོང་གི་ཐོག་གི་བལྟས་ན། ཐའེ་ཝན་ནང་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་པོ་རེད་བསམ་གྱི་ཡོད་དམ།
ལན། ང་ཚོའི་བར་ལ་དངོས་སུ་འབྲེལ་བ་བྱུང་ནས་ལོ་གཉིས་འགྲོ་ཡི་ཡོད་རེད། ལོ་སྔོན་མར་ཐའེ་ཝན་གྱི་སློབ་ཕྲུག་མང་པོ་ཞིག་འདིར་ཡོང་ནས། བོད་ཕྱི་ནང་གཉིས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་མང་པོ་ཞིག་གསར་དུ་ཤེས་རྗེས་ཕྱིར་རང་ཡུལ་དུ་སོང་ནས།  ཐའེ་ཝན་དུ་བོད་རང་བཙན་གྱི་དུས་སྟོན་ཞིག་བདུན་ཕྲག་གཉིས་ཀྱི་རིང་གོ་སྒྲིག་བྱས་པ་རེད། དུས་སྟོན་དེར་ང་ཚོ་བཅར་རྒྱུ་བྱུང་སོང། སྐབས་དེར་གསུམ་བཅུའི་དུས་དྲན་གྱི་སྐབས་དང་ཁེལ་ཡོད་རེད། ང་ཚོས་ཐའེ་ཝན་མི་མང་གི་མཉམ་དུ་དངོས་སུ་ལས་འགུལ་སྤེལ་དུས། ངས་བསམ་པར་ཐའེ་ཝན་ནང་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་པོ་མཐོང་སོང་ལ། ཉི་མ་ནས་ཉི་མར་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་རུ་འགྲོ་རྒྱུའི་རེ་བ་ཡང་མཐོང་སོང་། གང་ཡིན་ཟེར་ན། རྩ་བས་ཐའེ་ཝན་ནང་ལ་བོད་མིའི་གྲངས་ཀ་ཧ་ཅང་ཉུང་ཉུང་རེད། བོད་རིགས་༦༠ བརྒལ་ཙམ་མ་གཏོགས་ཡོད་རྒྱུ་མ་རེད། ཡིན་ན་ཡང་། གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྐབས་མི་གྲངས་༤༠༠ ལྷག་མཉམ་ཞུགས་བྱས་འདུག ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་གྱི་ཐའེ་ཝན་མི་གྲངས་ཧ་ཅང་མང་པོ་རེད། ད་ལྟ་འདིར་ཡོང་མཁན་གྱི་སློབ་ཕྲུག་མང་ཆེ་བ་ཡང་ཐའེ་ཝན་མི་རིགས་ཀྱི་ལྟ་བ་ཁུར་ནས། ཐའེ་ཝན་མི་རིགས་དང་རྒྱ་མི་རིགས་ཐད་དད་ཡིན་ཟེར་མཁན་རེད་ལ། ང་ཚོའི་ལས་དོན་འདིའི་དམིགས་ཡུལ་དང་པོ་དེ། ཐའེ་ཝན་གྱི་སློབ་ཕྲུག་ཚོས་ལོ་རྒྱུས་ཐོག་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཡིན་པར་ངོས་འཛིན་བྱེད་རྒྱུ་དང་། གཉིས་པ་དེ་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གང་ཐུབ་བྱ་རྒྱུ་དེ་རེད། རྩ་བས་རྒྱ་ནག་གིས་ཐའེ་ཝན་དེ་ཡང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཚུལ་བརྗོད་ནས་རྒྱལ་སྤྱིའི་ཐོག་ལ་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་རེད། 
ཡིན་ན་ཡང་། ཐའེ་ཝན་ནང་ལ་ཁོ་རང་ཚོས་རང་བཙན་ནང་བཞིན་གྱི་ལས་ཀ་བྱེད་ཀྱི་ཡོད་རེད། ངས་བསམ་པར་རྒྱ་ནག་དང་ཐའེ་ཝན་གྱི་སྐད་ཡིག་གཅིག་པ་ཡིན་དུས། ཐའེ་ཝན་ནང་ལས་འགུལ་གང་ཐུབ་ཐུབ་སྤེལ་བ་ཡིན་ན། དྷ་རམ་ས་ལ་ལྟ་བུར་ལས་འགུལ་སྤེལ་བ་དང་མི་འདྲ་བར། རྒྱ་ནག་ནང་ཐད་ཀར་གནོན་ཤུགས་ཆེན་པོ་འགྲོ་རྒྱུའི་གོ་སྐབས་མང་པོ་འདུག 
གང་ཡིན་ཟེར་ན། ཐའེ་ཝན་མང་གཙོ་ཡིན་དུས་རྒྱ་ནག་གི་སློབ་མ་དང་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་ཐའེ་ཝན་ནང་ཡོང་གི་ཡོད་རེད་ལ། དེ་བཞིན་དུ་ཐའེ་ཝན་གྱི་སློབ་མ་མང་པོ་ཞིག་རྒྱ་ནག་ཏུ་ཡང་འགྲོ་ཡི་ཡོད་རེད། འདིར་སླེབས་པའི་སློབ་མ་ཚོའི་ནང་ལ་ཡང་བོད་དང་རྒྱ་ནག་ལ་འགྲོ་མྱོང་མཁན་མང་པོ་ཡོད་རེད། གནས་སྟངས་དེ་དག་གི་ཐད་ནས་བལྟས་ན་ཐའེ་ཝན་ནང་ལས་འགུལ་གང་སྤེལ་བ་ཡིན་ན་ཡང་ཐད་ཀར་རྒྱ་མི་མང་གིས་ཤེས་ཀྱི་ཡོད་པ་རེད། དེར་བརྟེན། ཐའེ་ཝན་དེ་མ་འོངས་པར་བོད་རང་བཙན་འཐབ་རྩོད་བྱ་སའི་ཟམ་པ་ལྟ་བུ་ཆགས་འདུག ཐའེ་ཝན་དང་ང་ཚོའི་དགྲ་གཅིག་པ་ཡིན་དུས་ང་ཚོ་མཉམ་རུབ་ཀྱི་ཐོག་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས་པ་གལ་ཆེན་པོ་རེད།

དྲི་བ། ད་ལྟའི་ཆར་ཐའེ་ཝན་གྱི་སློབ་མ་ཚུར་ང་ཚོའི་སྤྱི་ཚོགས་སུ་ཡོང་གི་ཡོད་པ་ལྟར། མ་འོངས་པར་ང་ཚོའི་སློབ་མ་ཕར་ཐའེ་ཝན་དུ་འགྲོ་རྒྱུའི་གོ་སྐབས་ཀྱི་ཐོག་ལ་བསམ་བློ་གཏོང་གི་ཡོད་དམ། 
ལན། རྩ་བས་ང་ཚོའི་བར་ལ་འབྲེལ་བ་བྱུང་ནས་ལོ་གཉིས་མ་གཏོགས་འགྲོ་ཡི་ཡོད་མ་རེད། ཡིན་ན་ཡང་ལོ་སྔོན་མར་ཐའེ་ཝན་ནང། ལས་འགུལ་ཤུགས་ཆེན་པོ་སྤེལ་དུས་དྷ་ས་ནས་མི་མང་པོ་བཅར་ཐུབ་པ་བྱུང་ཡོད་རེད། མ་འོངས་པ་ཡིན་ན་ཡང་ང་ཚོས་དེ་འདྲའི་ཐོག་ལ་གྲོས་བྱེད་ཆོག་གི་རེད། ཁ་སང་ང་ཚོས་འདི་ནས་སློབ་མ་ཕར་གཏོང་ཕྱོགས་ཀྱི་སྐོར་ལ་སྐད་ཆ་ཏོག་ཙམ་བྱུང་སོང་། དངུལ་གྱི་འགྲོ་གྲོན་རག་ཐུབ་པ་ཡིན་ན། མ་འོངས་པར་འདི་ནས་ཕར་སློབ་ཕྲུག་འགྲོ་རྒྱུ་དེ་གནད་འགག་ཆེན་པོ་འདུག རྒྱ་ནག་ནང་སྤྱི་ཚོགས་གཏོར་བཤིག་གི་འགྲོ་སོང་ཚང་མ་གཞུང་གིས་གཏོང་གི་ཡོད་རེད། ཡིན་ན་ཡང་འདིར་ཡོང་མཁན་གྱི་ཐའེ་ཝན་གྱི་སློབ་ཕྲུག་ཚོས་སོ་སོས་འགྲོ་གྲོན་བཏང་ནས་ཡོད་པ་རེད། 

ལས་འགུལ་དེ་ནི་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ཐའེ་ཝན་གྱི་སློབ་ཕྲུག་ཚོ་ད་ལོ་འདིར་ཡོང་ཐེངས་གཉིས་པ་དེ་ཆགས་ཡོད་པ་དང། ལམ་ཁའི་འགྲོ་སོང་ཚང་མ་སློབ་མ་ཚོ་སོ་སོ་སྒེར་གྱི་ངོས་ནས་གཏོང་གི་ཡོད་པ་རེད་འདུག །

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་ ༣༩༨   ཕྱི་ལོ་ ༢༠༡༢/༨/༡ ཐོག་བཀོད་ཡོད།  དེ་ལས་བཏུས་ཏེ་བཀོད།།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།