ཁམས་འབའ་ཐང་དུ་རྒྱ་གཞུང་གིས་དམ་དྲག

08/05/2012 15:41

 

ཁམས་འབའ་ཐང་དུ་རྒྱ་གཞུང་གིས་དམ་དྲག

 

དེང་སྐབས་ཁམས་འབའ་ཐང་དུ་རྒྱ་གཞུང་གིས་དགོན་པའི་ནང་གཞུང་གི་ལས་བྱེད་སྐོས་དགོས་སྐོར་དང་། གྲྭ་པ་ཉུང་དུ་གཏོང་དགོས་པ་སོགས་ཀྱི་ལས་འགུལ་སྤེལ་ཏེ། ས་གནས་མི་མང་ལ་དཀའ་ངལ་འཕྲད་ཀྱི་ཡོད་འདུག

བོད་ནས་འབྲེལ་ཡོད་ཀྱིས་ཁུངས་ལྡན་གྱི་གནས་ཚུལ་བཏང་བ་ལྟར་ན། ཟླ་འདིའི་ཚེས་༢ ཉིན་ཁམས་འབའ་ཐང་རྫོང་སྲིད་གཞུང་གི་མི་སྣ་དང་། ཆོས་ལུགས་ལས་ཁང། ཉེན་རྟོག་པ་སོགས་འབའ་ཆོས་སྡེ་དགོན་པར་ཡོང་ནས་མཁན་པོ་དང་དགེ་སྐོས། ཕྱག་མཛོད་གཙོས་པའི་ལས་སྣེ་ཡོངས་བསྐོངས་ཏེ། ད་ནས་བཟུང་དགོན་པའི་མཁན་པོ་དང་དགེ་སྐོས་གཉིས་ཀྱི་གོ་ས་དང་མཉམ་པའི་རྒྱ་གཞུང་གི་ལས་བྱེད་རེ་རེ་དང་། དེ་བཞིན་ཕྱག་མཛོད་ནང་རྒྱ་གཞུང་གི་ལས་བྱེད་པ་གཉིས་ཆེད་གཏོང་དགོས་པ་དང་། དགོན་པའི་ནང་སོ་བལྟ་བྱ་ཆེད་རྒྱ་གཞུང་གི་ལས་ཁུངས་ཤིག་ཀྱང་འཛུགས་དགོས་པ། དགོན་པར་ད་ཡོད་གྲྭ་གྲངས་བཞི་བརྒྱ་ལྷག་ནས་གྲྭ་གྲངས་༦༠ མ་གཏོགས་དགོན་པར་ཞུགས་མི་ཆོག་པ། རང་ལོ་༡༨ མ་ཟིན་པ་རྣམས་དགོན་པ་ནས་ཕྱིར་འབུད་བྱ་དགོས་སྐོར་བརྗོད་འདུག

ཅི་སྟེ་དོན་ཚན་དེ་དག་ངོས་ལེན་མ་བྱས་ཚེ་དགོན་པ་སྒོ་རྒྱག་རྒྱུ་ཡིན་ཚུལ་གྱི་ཉེན་བརྡ་ཡང་བཏང་འདུག་ལ།  དགོན་པའི་ལས་སྣེ་དང་ལྷ་སྡེ་ཚང་མས་དོན་ཚན་གཅིག་ཀྱང་ཁས་ལེན་བྱ་རྒྱུ་མིན་པ་དང་སྐོར་བརྗོད་པར་བརྟེན། ད་ལྟར་དགོན་པ་སྒོ་རྒྱག་མིན་གྱི་མཚམས་སུ་སླེབས་ཡོད་འདུག གཞན་འབའ་འཛིན་དགོན་དང་དགོན་གསར་དགོན་པ་ལ་ཡང་གྲྭ་གྲངས་༤༠ རེ་མ་གཏོགས་ཞུགས་མི་ཆོག་པའི་བཙན་བཀའ་བཏང་འདུག ད་དུང་འབའ་ཐང་གི་ཡུལ་ལུང་གེ་མོ་དང་གླེ་དཀར་མདོ་སོགས་ལ་ཡང་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་གསོར་དྭང་ལེན་མ་བྱས་པར་བརྟེན། ཉེན་རྟོག་པ་མི་ཚང་རེ་རེའི་ཁྱིམ་ཚང་ནང་འཛུལ་ནས་ཉེས་རྡུང་བཏང་བ་སོགས་ཚད་ལས་འདས་པའི་མནར་གཅོད་བྱེད་བཞིན་ཡོད་འདུག །

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།