སྲིད་འཛིན་གྱི་ཞལ་པར།

26/09/2008 11:06

 

སྲིད་འཛིན་བྷུ་ཤུས་ཕྱི་ཚེས་ ༢༣ ཉིན་རྒྱལ་བ་རིན་པོ་ཆེར་ཞལ་པར་ཕུལ་ཏེ་ཁོང་ཉིད་ནས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་བདེ་ཐང་ལ་ཐུགས་ཁྲལ་གནང་གི་ཡོད་ལུགས་གསུངས་ཡོད་པ་རེད་ཅེས་ཕོ་བྲང་དཀར་པོའི་ནང་གི་འབྲེལ་ཡོད་མི་སྣས་བརྗོད་ཡོད་པ་རེད།

ཕྱི་ཚེས་ ༢༣ ཉིན་ཧྥ་རན་སི་གསར་སྤེལ་ཁང་གིས་སྤེལ་བ་ལྟར་ན། ཕོ་བྲང་དཀར་པོའི་མགྲིན་ཚབ་པ་གྷོར་ཌོན་རྗོན་ཌུ་རོས་ཡིས་གསར་འགོད་པར། དེ་རིང་སྔ་དྲོ་སྲིད་འཛིན་བྷུ་ཤུས་བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མར་ཞལ་པར་ཕུལ་ཏེ་ཁོང་ཉིད་ནས་རྒྱལ་བ་རིན་པོ་ཆེའི་སྐུ་གཟུགས་བདེ་ཐང་ཐད་ཐུགས་ཁྲལ་གནང་གི་ཡོད་སྐོར་གསུངས་ཡོད་པ་རེད་ཟེར། སྲིད་འཛིན་བྷུ་ཤུའི་ཞལ་པར་དེས་སྲིད་འཛིན་ཁོང་ཉིད་དང་ཨ་མི་རི་ཀའི་མི་དམངས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཅི་ཙམ་གྱི་གུས་བརྩི་གནང་གིན་པ་མཚོན་གྱི་ཡོད་པ་རེད་ལ། རྒྱལ་བ་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་དང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་བཞེས་མཁན། དེ་བཞིན་རིག་གཞུང་གི་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གྱི་མི་སྣ་གལ་ཆེན་ཞིག་རེད་ཅེས་བརྗོད་ཡོད་པ་རེད།

ཕྱི་ཚེས་ ༡༩ ཉིན་གསར་འགོད་གལས་བསྒྲགས་ཤིག་སྤེལ་ཏེ་འཆར་ཟླའི་ནང་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཇར་མན་དང་སིད་སུ་བཅས་སུ་ཆིབས་སྒྱུར་གནང་འཆར་དེ་ཕྱིར་འཐེན་གནང་ཡོད་པ་དང་། གལས་བསྒྲགས་ནང་དུ། ད་ལྟའི་ཁོང་གི་སྐུ་ཁམས་གསལ་དྭངས་ཡིན་ནའང་སྨན་པ་རྣམས་ཀྱིས་སྐུ་ངལ་མུ་མཐུད་གསོ་དགོས་པའི་ལམ་སྟོན་གནང་བ་ལྟར་སྐུ་ངལ་གསོ་གི་ཡོད་ཅེས་བརྗོད་ཡོད་འདུག གསལ་བསྒྲགས་ནང་མུ་མཐུད་བཀོད་དོན། རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་གི་མཛད་འཕྲིན་གོ་སྒྲིག་གནང་མཁན་དང་མཛད་འཕྲིན་ནང་མཉམ་ཞུགས་གནང་བར་སྒུག་མཁན་རྣམས་ལ་ཐེངས་འདིར་ཐུགས་བསུན་བཟོས་པར་ཐུགས་འགྱོད་གནང་གི་འདུག ཅེས་དང་། ང་ཚོས་མི་ཚང་མས་གནས་སྟངས་འདིའི་ཐད་བསམ་ཤེས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་ཧྥ་རན་སིའི་གསར་སྤེལ་ཁང་ལ་བརྗོད་དོན། ང་ཚོས་སྐུ་མདུན་ལ་སྐུ་ངལ་མང་ཙམ་གསོ་འཇུག་པ་དང་སྨན་གཏུགས་ཀྱི་རྗེས་ནས་ལམ་སེང་སྐུ་ཐང་མི་ཆད་པའི་ཕྱིར་མཛད་འཕྲིན་འདི་དག་ཕྱིར་འཐེན་གནང་བ་ཡིན། ཅེས་བརྗོད་ཡོད་པ་རེད།

རྒྱལ་བ་རིན་པོ་ཆེ་མཆོག་གི་འཇར་མན་དང་སུད་སིའི་ཆིབས་སྒྱུར་དེ་ནི་འཆར་ཟླའི་ཚེས་ ༡༠ ནས་མགོ་བཙུགས་ཏེ་བདུན་གཉིས་རིང་གོ་སྒྲིག་གནང་ཡོད་པ་དང་། དུས་ཡུན་དེའི་རིང་རྒྱལ་ཁབ་དེ་གཉིས་ཀྱི་ནང་གི་དད་ལྡན་སེར་སྐྱ་མང་ཚོགས་ལ་གསུང་ཆོས་དང་བཀའ་སློབ་གནང་རྒྱུ་དེ་ཡིན་འདུག ཡིན་ནའང་སྨན་པ་རྣམས་ཀྱི་ཞུ་སྐུལ་ལྟར་མུ་མཐུད་སྐུ་ངལ་གསོ་དགོས་པར་གྱུར་ཡོད་པ་རེད།

མུམ་བྷེ་ཡི་སྨན་པ་རྣམས་ཀྱིས་ཉེ་ལམ་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་གཟུགས་ལ་ཐུགས་ཁྲལ་གནང་དགོས་པའི་སྙུང་གཞི་ཅི་ཡང་མི་འདུག ཡིན་ནའང་སྐུ་ངལ་མང་ཙམ་གསོ་དགོས་ཀྱི་འདུག་ཅེས་བརྗོད་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།