སྤྲུལ་སྐུ་བསོད་བྷའི་གྲོགས་པོ་འཛིན་བཟུང་

02/02/2012 11:54

 

སྤྲུལ་སྐུ་བསོད་བྷའི་གྲོགས་པོ་འཛིན་བཟུང་།

ཉེ་ཆར་ཨ་མདོ་མགོ་ལོག་ནས་སྐུ་ལུས་སྤྱིན་བསྲེགས་བྱས་ནས་འདས་གྲོངས་ཕྱིན་པའི་སྤྲུལ་སྐུ་བསོད་བྷ་མཆོག་གི་གྲོགས་པོ་ཞིག་ལྷ་སར་འབྱོར་མ་ཐག་རྒྱ་ནག་གི་བདེ་འཇགས་ཚན་པས་འཛིན་བཟུང་བྱས་འདུག

བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་བ་༡ ཚེས་༨ ཉིན་སྤྲུལ་སྐུ་བསོད་ནམས་དབང་རྒྱལ་(བསོད་བྷ་)ལགས་ཀྱིས་བོད་དོན་སྐད་འབོད་བྱེད་བཞིན་རང་ལུས་མེ་རུ་སྦར་ནས་འདས་གྲོངས་སུ་ཡོད་པ་ལྟར། རྗེས་སུ་ཕྱི་ཚེས་ ༢༠ ནང་བླ་མ་བསོད་བྷ་ཁོང་ལ་འདྲིས་ཆེ་གྲོགས་པོ་དང་། སློབ་མ་ཡང་ཡིན་པ་གཞོན་སྐྱེས་ནམ་མཁའ་འཇིགས་མེད་ཟེར་བས་སྤྲུལ་སྐུ་བསོད་བྷའི་སྐུ་རུས་དང་། འདྲ་པར་སོགས་ཁྱེར་ནས་ལྷ་སར་རྗེས་འཇུག་དང་། དགོངས་རྫོགས་མཆོད་འབུལ་ཆེད་ཕྱིན་སྐབས། ལྷ་སའི་བར་སྐོར་གླིང་གི་སྐོར་ལམ་ནས་གློ་བུར་སྤྱི་བདེ་ཉེན་རྟོག་མི་སྣ་དང་གསང་བའི་མི་སྣས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

དེའི་སྔོན་ཁོ་ལྷ་སར་འབྱོར་མ་ཐག་ཐུག་འཕྲད་བྱུང་བའི་ཕ་ཡུལ་གཅིག་པ་དང་། ངོ་ཤེས་ཚོ་ཡང་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་མི་སྣ་དང་། གསང་བའི་མི་སྣས་འདྲི་རྩད་ནན་མོ་བྱས་ཡོད་འདུག། ད་ལྟའི་ཆར་ཁོ་གློ་བུར་འཛིན་བཟུང་བྱེད་དོན་གསལ་བོ་མེད་ཀྱང་། རྒྱ་ནག་གི་ཉེན་རྟོག་པའི་ཕྱོགས་ནས་ཁོས་ལྷ་སར་སྐད་འབོད་དང་ཡིག་ཆ་འགྲེམས་གཏོར་སོགས་བྱས་པའི་ཉེས་འཛུགས་བྱས་ཡོད་པའི་གླེང་ཕྱོགས་ཞིག་ཀྱང་ཡོང་བཞིན་པ་རེད། །

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།