སྟོན་པ་ཚན་རིག་པ་ཡིན།

18/12/2009 12:36

སྟོན་པ་བཅོམ་ལྡན་འདས་ཀྱང་ཚན་རིག་པ་ཞིག་ཡིན།


༧གོང་ས་མཆོག་རྒྱ་གར་རྒྱལ་ཡོངས་སྐབས་ང་བརྒྱད་པའི་ལོ་འཁོར་ཚན་རིག་པའི་ཚོགས་ཆེན་སྟེང་ཆིབས་བསྒྱུར་

བསྐྱངས་ཏེ་ལུས་ཁམས་ཚན་རིག་དང་རྒྱ་གར་གྱི་གནའ་བོའི་ནང་པའི་ལྟ་གྲུབ་ཅེས་པའི་བརྗོད་གཞིའི་སྟེང་གསུང་

བཤད་གནང་ཡོད་པ་རེད།
ཕྱི་ཚེས་ ༡༧ ཉིན་གྱི་ཞོགས་པར་རྒྱ་གར་གནད་ཡོད་མི་སྣ་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༧གོང་ས་

མཆོག་བཞུགས་སྒར་ནས་ཆིབས་ཐོན་གྱིས་རྒྱ་གར་བྱང་ཕྱོགས་ཀྱི་ཨུ་ཊར་མངའ་སྡེའི་གྲོང་ཁྱེར་ལོག་ནོ་དང་ཨན་ངྷ་

ར་མངའ་སྡེའི་ཧེ་ཌེར་བྷ་ཌུ་གྲོང་ཁྱེར། དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཊ་ཀའི་མངའ་སྡེའི་ཤར་ཕྱོགས་ཀྱི་གྷུལ་

བྷར་གྷ་སོགས་སུ་ཆིབས་བསྒྱུར་གྱིས་མཛད་འཕྲིན་སྐྱོང་མགོ་བཙུགས་ཡོད་ལ།  ཕྱི་ཚེས་ ༡༧ ཉིན་ནས་ཕྱི་ཚེས་ ༢༠ བར་

གྱི་ཉིན་གསུམ་རིང་༧གོང་ས་མཆོག་རྒྱ་གར་བྱང་ཕྱོགས་ཀྱི་ཨུ་ཊར་མངའ་སྡེའི་སན་རྗེ་གྷན་རྡི་གསོ་རིག་ཚན་རིག་གི་

གཙུག་ལག་སློབ་གླིང་དུ་སྐོང་འཚོགས་གནང་བཞིན་པའི་རྒྱ་གར་རྒྱལ་ཡོངས་ཀྱི་ཚན་རིག་པའི་ལོ་འཁོར་ཚོགས་ཆེན་

སྐབས་ ༥༨ པའི་ཚོགས་ཆེན་སྟེང་ཆིབས་བསྒྱུར་ཞབས་སོར་བཀོད་དེ། ཉིན་དེའི་སྔ་དྲོར་དེར་ཡོད་རྒྱ་གར་རྒྱལ་ཡོངས་

ཀྱི་སྨན་རིག་མཁས་པ་དང་ཚན་རིག་པ་བཅས་གནད་ཡོད་མི་སྣ་ ༧༠༠ ལྷག་ལ་ལུས་ཁམས་ཚན་རིག་དང་རྒྱ་གར་གྱི་

གནའ་བོའི་ནང་པའི་ལྟ་གྲུབ་ཅེས་པའི་བརྗོད་གཞི་གཙོ་བྱས་ཏེ། ཁོང་ཉིད་ཀྱི་དགོངས་གཞི་དང་ནང་བའི་ཆོས་ཀྱི་

མྱོང་ཚུལ་ཐོག་ནས་སློབ་གནང་ཡོད་པ་རེད། ༧གོང་ས་མཆོག་གིས་གསུངས་དོན། ཁོང་ཉིད་ཌར་ཝན་གྱི་ལྟ་བ་དེར་

ཐུགས་སྣང་ཆེ་སྟབས་ཁོང་གི་གསུང་རྩོམ་བཀླགས་པ་ཡིན་ལ། དེང་སྐབས་སེམས་ཁམས་རིག་པ་དང་དབང་རྩའི་ཚན་

རིག་གི་སྐོར་བོད་ཀྱི་དགོན་སྡེ་ཁག་ཏུའང་ངོ་སྤྲོད་བྱེད་བཞིན་ཡོད་ཅེས་དང་། ཚན་རིག་གིས་ཅི་ཡང་གཏོར་སྐྱོན་

བཏང་མེད་མོད། མི་རྣམས་ཀྱིས་ཚན་རིག་བེད་སྤྱོད་ལོག་པར་བཏང་སྟེ་གཏོར་སྐྱོན་གཏོང་གིན་ཡོད་པ་རེད། སངས་

རྒྱས་ཤཀྱ་ཐུབ་པ་ཁོང་ཉིད་ཀྱང་ཚན་རིག་པ་ཞིག་ཡིན་ལ། ཁོང་གིས་བདེ་ཐང་གི་མི་ཚེ་ཞིག་སྐྱེལ་ཐབས་སུ་མིའི་སེམས་

ལ་སྟངས་འཛིན་བྱ་ཕྱོགས་བསྟན་ཡོད་ཅེས་གསུངས།

ཐེངས་འདིའི་ཚོགས་འདུའི་སྟེང་༧གོང་ས་མཆོག་གདན་ཞུ་གནང་བའི་དམིགས་ཡུལ་གཙོ་བོ་ནི། སྨན་པ་དང་ཚན་

རིག་པ་རྣམས་ཀྱིས་མིའི་ལུས་ཁམས་ཀྱི་ཕྱག་ལས་ཐད་ཤེས་རྟོགས་གང་འཚམ་ཡོད་ཀྱང། ཆོས་ཀྱི་ཐོག་ནས་མིའི་སེམས་

ཁམས་དང་བསམ་བློའི་འགྱུར་བའི་ཐོག་ནས་ལུས་ཁམས་ལ་བརྟག་དཔྱད་བྱ་ཕྱོགས་གང་འདྲ་ཡིན་མིན་ཤེས་རྟོགས་

མེད་སྟབས། ང་ཚོས་ཁོང་ཉིད་གདན་འདྲེན་ཞུས་ཏེ་ཁོང་ཉིད་ཀྱིས་གང་འདྲ་བྱས་ཏེ་མིའི་བསམ་བློར་འགྱུར་བ་གཏོང་

གིན་ཡོད་མེད་དང་ཤུགས་རྐྱེན་གང་འདྲ་ཞིག་འཇོག་གིན་ཡོད་མེད་ཤེས་རྟོགས་བྱ་ཆེད་ཡིན་ཅེས་དང་། ཁོང་ཉིད་

འཛམ་གླིང་ཞི་བདེའི་དེད་དཔོན་དང་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡིན་སྟབས་ང་ཚོས་ཁོང་གིས་མིའི་ཀླད་ཁམས་

ཐད་ལ་གཟིགས་ཕྱོགས་གང་འདྲ་ཡོད་མེད་སོགས་ཤེས་རྟོགས་བྱ་ཆེད་ཡིན་ཅེས་ཐེངས་འདིའི་ཚོགས་འདུ་གོ་སྒྲིག་

གནང་མཁན་གྱིས་བརྗོད་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་གྱི་ཕྱི་དྲོ་༧གོང་ས་མཆོག་ཧེ་ཌར་བྷ་ཌིར་ཆིབས་བསྒྱུར་བསྐྱངས་ཤིང་། ཕྱི་ཚེས་ ༡༨ ཉིན་དེར་ཡོད་

བོད་རིགས་སུད་ཚོང་བ་རྣམས་དང་སློབ་ཕྲུག་རྣམས་ལ་མཇལ་ཁ་གནང་ཡོད་པ་རེད། ཁོང་གི་ཉིན་གསུམ་རིང་གི་

ཆིབས་སྒྱུར་སྐབས་༧གོང་ས་མཆོག་གིས་གསུང་ཆོས་ཀྱང་གནང་རྒྱུ་ཡིན་འདུག 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།