སྙིང་སྡུག་ལགས།

30/07/2009 08:45

སྙིང་སྡུག་ལགས།

དྲན་སྣང་གི་ཡུལ་དུ་ལྷམ་མེད་འཆར་བ་

ཁྱེད་ཀྱི་འཛུམ་དམུལ་དམུལ་གྱི་ཞལ་མདངས་

རྟོག་འཆར་དང་བསམ་གཞིག་གི་ཡུལ་ནས་

ནམ་ཡང་རེ་ཞིང་སྒུག་པ་སྟེ་་་་་་་་་་་་་་་་་བརྩེ་དུང་

ལྷག་བསམ་དང་ལྷད་མེད་ཀྱི་ཞིང་ན་

འདི་ནི་ཁྱེད་ལ་འབུལ་འདོད་པ་དེ་ཁོ་ན་

འདི་ནི་ང་ལ་ཡོད་དེ་གཅིག་པུ་

ད་དུང་ འདི་ནི་བཤད་འདོད་པའི་སྐད་ཆ་

འོན་ཀྱང་  འདི་ནི་དྲན་ཡུལ་དུ་སྦས་པའི་  གསང་བ་ཉག་གཅིག་

འདི་ནི་ཆེས་ཐོག་མའི་སེམས་ཀྱི་རྨ་ཁའང་ཡིན།

 

སྙིང་སྡུག་ལགས།

 རྨི་ལམ་གྱི་ཞིང་ནས་ཁྱེད་ཀྱི་ཟུར་མིག་གི་གཡོ་འགུལ་རེ་དྲན་དུས།

བརྗོད་མ་ཐུབ་པའི་སེམས་ཚོར་དང་

བཤད་མི་ཤེས་པའི་གདུང་བ་  དབུགས་རིང་གྲངས་མེད་དང་ལྷན་དུ་ཐོན།

ད་དུང༌། ལག་ཐོག་ཁ་དཔར་འཇུ་ཐེངས་རེ་རེར་

དྲན་དུང་གི་སྡུག་ཡུས་

སེམས་ཁུང་གི་འཕྲིན་ཐུང་རེ་བསྐུར་ནས་

འཁྲུལ་སྣང་དུ་བསུ་བའི་རབ་རིབ་ཀྱི་ཁྱེད་ལ་བཤད་དུས་

སེམས་པ་འདི་ཧ་ཅང་བདེ་སྣང་ཞིག

 སྙིང་སྡུག་ལགས།

 སེམས་པ་ནང་དུ་བཀུག་ནས་འདང་རེ་རྒྱག་སྐབས་

ངས་ཚོར་བྱུང་  ད་གཟོད་

འདི་ན་ ང་ནི་སྔོ་ལྗང་མཛེས་སྡུག་བྲལ་བའི་དགུན་གཞུང་ཞིག་

འདི་ན་ ང་ནི་འོད་མདངས་ཞན་པའི་ཁེར་རྐྱང་གི་རྒྱུ་སྐར་ཞིག

སྙན་ངག་རེ་འབྲི་དུས་ སུས་ཀྱང་མ་རྟོགས་པའི་རྨ་ཁ་འདི་

ན་ཟུག་ཅི་འདྲ་ཆེ་ཨང་ སེམས་པ་འཁྱམ་པོ།།

          སྤྱི་ལོ། ༢༠༠༨ ཟླ་༡༡ ཚེས་༡༨ ཉིན། དཀོན་མཆོག་ནས།།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།