སྙིང་རེ་རྗེ
10/03/2009 17:31
ལན་གཅིག་རྙེད་དཀའི་དལ་འབྱོར་ཐོབ་ཡོད་རུང༌།།
དགེ་སྡིག་དཔང་པོ་མི་ཤེས་སྙིགས་དུས་འདིར།།
དུག་གསུམ་སྤོང་མེད་ལས་བརྩམས་མི་ངན་ཚོ།།
ཕྱི་མའི་ལྔ་ལམ་འགྱུར་དུས་སྙིང་རེ་རྗེ།།
བརྒྱ་ཕྲག་བློ་གསལ་བུང་བ་ཤེས་བརྩོན་ཀྱང༌།།
འབུམ་ཕྲག་ཀླད་མེད་གཞོན་ནུས་རྐུས་ཤོར་ཏེ།།
སྨྱོ་གཏམ་འཇིག་རྟེན་སྐྱེལ་བའི་མི་ཚེ་དེ།།
ནམ་ཞིག་འགྱོད་གདུང་སྐྱེ་བ་སྙིང་རེ་རྗེ།།
རྩ་ཆེའི་རང་གི་སྐད་ཡིག་བརླག་དོར་ཡང༌།།
གཞན་སྐད་ཤེས་པའི་ཁེངས་དྲགས་རྒྱས་གྱུར་ཏེ།།
རང་སྐད་འཕྱ་སྨོད་ལས་བརྩོན་གཞོན་ནུ་ཚོ།།
མི་རིགས་མཐའ་བྲལ་གཏོང་བ་སྙིང་རེ་རྗེ།།
བོད་རིགས་གཞིས་བྱེས་གནས་སྟངས་ཐབས་སྡུག་ཀྱང༌།།
གཡོ་ཁྲམ་རྫུན་འབག་གྱོན་པའི་ལས་སྣེ་འགས།།
རང་དོན་གཅེས་ཏེ་གཞན་དོན་རྡོག་བརྫིས་བཏང༌།།
ལས་འབྲས་རླུང་ལ་བསྐུར་བ་སྙིང་རེ་རྗེ།།
དྲང་བདེན་འཐབ་རྩོད་སྤོལ་བའི་གདེང་སྤོབས་ཀྱང༌།།
མ་ཉེས་ཁ་གཡོག་རག་པའི་རྐྱེན་ངན་དེས།།
སྙིང་ཁོངས་དྲོན་པོར་གྲི་ལྕགས་རྒྱབས་པ་ལྟར།།
སྐྱོ་གདུངས་བཀླུབས་པའི་ཁོ་རང་སྙིང་རེ་རྗེ།།
དཀའ་སྡུག་བྱེ་བའི་ལོ་ཟླ་གསལ་ཡོད་རུང༌།།
ཆ་འཇོག་ཁྱི་མཐོང་ལྟར་སྣང་འཛིན་པའི་མི།།
ཕུག་ལ་འགྱོད་གདུངས་མེ་ལྕེ་འབར་བའི་དུས།།
ཅི་བྱེད་འདི་བྱེད་མེད་པ་སྙིང་རེ་རྗེ།།
གངས་ལྗོངས་ཕ་ཡུལ་སྐྱིད་ཉམས་འདོད་ཡོད་རུང༌།།
གཞན་ཡུལ་སླེབས་པའི་འདུན་སར་རེ་བཅངས་ནས།།
ལོ་ཟླ་འགྲིམས་དུས་གོད་ཆགས་རེ་ལྷག་པ།།
ནག་ཉེས་རྐང་ལ་འཛིན་པ་སྙིང་རེ་རྗེ།།
སྣ་ཚོགས་གཏམ་གྱི་སྨྱུག་གར་འཁྲབ་ཡོད་རུང༌།།
དོན་དམ་རང་ལ་ལེགས་བྱ་མེད་གྱུར་ཡང༌།།
ཉེར་གཅིག་དུས་རབས་ཀྱོག་མཚམས་ཆེད་དམིགས་ཏེ།།
མ་བཟོད་དྲང་བདེན་གཏམ་གླེང་ཕྱོགས་ལ་བསྐྱོད།།
སྤྱི་ལོ་༢༠༠༩ ཟླ་༡ ཚེས་༡༠ ཉིན་དཀོན་མཆོག་གིས།།
———
Back