སྐྱིད་སྡུག་ལོ་ཟླ།

04/12/2011 16:58

 

སྐྱིད་སྡུག་འདྲེས་མའི་ལོ་ཟླ།

ཕ་ས་དང་ཕ་ཡུལ་ལ་གོད་ཆགས་བྱུང་ནས་ལོ་ངོ་ལྔ་ཅུ་ལྷག་ཙམ་ཕྱིན་པས་དེ་རིང་གི་ཉིན་མོ་དང་སང་ཉིན་གྱི་འཆར་སྣང་བཅས་ལ་འདས་སོང་གི་ལོ་ཟླ་ལ་ཞེ་མདང་ཞིག་རྒྱག་དུས། འདས་ཟིན་པའི་བགྲང་བྱ་ལྔ་ཅུ་ནང་འཚོལ་ཞིབ་ཇི་ལྟར་བྱེད་ཀྱང་ངེད་ཚང་ལ་ཤེས་རིག་གི་འོད་སྣང་བཀྱེ་མེད་ལ་རྗེས་ལུས་ཀྱི་སྨུག་པ་དྭངས་མེད། ད་དུང་མངོན་ཐོན་གྱི་གོམ་པ་དེས་ཀྱང་སྤོས་མེད། ང་ཚོ་རིགས་རུས་དང་རྣམ་དཔྱོད་མེད་པའི་ས་ཁུག་ཞེས་ནས་མཆེད་པའི་བློན་པོ་ཆུ་སྣ་ག་ཁྲིིད་ཀྱི་བུ་རྒྱུད་ཅེས་ནམ་ཡང་མིན། ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་སྤུར་རྒྱལ་བོད་པ་ཚང་དབུ་འཕང་དགུང་དུ་འདེགས་སྐབས་སུ། ངེད་ཚང་ལ་ཤིང་རྟ་སྲོལ་འབྱེད་ཆེན་པོ་མཁས་པའི་ཚང་བརྡོལ་མྱོང་ལ། ཆབ་དཔལ་རིིག་གསུམ་གྱིས་ལོ་རྒྱུས་ཀྱི་དཔང་པོ་འཇོག་ཡོད། དེ་དག་ནི་ལོ་རྒྱུས་ཀྱི་མྱོང་བ་གསོན་པོ་ཞིག་ཡིན་པས་དེ་དག་ལ་ཁ་མིག་ཡར་ལྟར་བྱེད་ནས་རང་ཉིད་མེས་པོ་དམ་པ་རྣམས་ཀྱི་རྗེས་འཛིན་པ་ཞིག་ཡིན་བསམ་པའི་བློ་དེ་ནམ་ཡང་ལྡོག་མི་ཉན་པའི་སེམས་ལ་གཅེས་འཛིན་བྱེད་དགོས་པ་ལྟ་བུ་མངོན། ད་ལྟའི་གནས་བབ་ཐོག་ནས་བསམ་བློ་ཞིག་གཏོང་དུས་ངེད་ཚང་གི་མི་དག་གིས་བསམ་བློ་གཏོང་སྟངས་ལ་ལྟས་ན། ཕུག་རྒྱང་རྟ་རྔ་ལས་ཕྲ་ཞིང་རྣམ་དཔྱོད་ཏེ་འབྲུ་ལས་ཞིབ་པའི་མི་བུ་དེ་དག་ལ་ཆོས་བརྒྱད་དང་རང་དོན་གྱི་ལྟ་བ་རེ་བོ་ལྟོས་དང་མཉམ་པ་འབའ་ཞིག་ལས་མི་འདུག་སྙམ། ད་དུང་ཁོང་ཚོས་འཚར་ལོང་བྱུང་བཞིན་པའི་མི་བུ་དེ་དག་ལ་དངོས་ཤུགས་རྒྱུད་གསུམ་ནས་འབུར་འཇོམས་ཀྱི་ལས་འགུལ་རྩམས་དང་རྩོམ་བཞིན་ཡོད། མ་ཟད་ཚོགས་པ་ག་གེ་མོ་དང་མི་བུ་ག་གེ་མོ་ཞིག་གི་བྲན་གཡོག་དང་རྒྱུག་ཁྱི་སོགས་ཀྱི་ཐ་སྙད་ཀྱང་སྤྲོད་བཞིན་ཡོད།  ལོ་ལྔ་ཅུའི་རིང་ལ་ཁྱེད་ཀྱི་སྡེ་དང་ངའི་དཔོན། ཁྱེད་ཚོའི་བླ་མ་དང་ང་ཚོའི་དགོན་པ་སོགས་རྩོད་ནས་ད་ལྟའི་གནས་སྟངས་ཆེས་རྗེས་ལུས། ཤེས་རིགས་ཀྱི་འོད་སྣང་མེད་ས་མངོན་ཐོན་གྱི་གོམ་སྒྲ་མེད་པའི་སྨར་ཁམས་འདི་བྱུང་བ་རེད། འདི་ལྟ་བུའི་གོམས་གཤིས་ངན་པ་དེ་ཕྱིས་བྱུང་མི་རབས་གསར་པ་ཚོར་རྡོ་ལག་རྒྱུད་བྱེད་ནས་རྒྱུན་འཇགས་སུ་སོང་ན། འདག་ཐབས་མེད་པའི་བྱེད་ཉེས་ཅིག་ཏུ་ངོས་འཛིན་མ་ཞུ་ཐབས་མེད་རེད། རྒྱ་ཕྱི་ནང་གང་སར་གནས་པའི་སྨར་ཁམས་ཀྱི་རིགས་མྱུག་ཚོ། ཁྱེད་ཚོ་དུས་ནམ་ཡང་དཔའ་ཞུམ་མི་ཉན། ཁྱེད་ཅག་ནི་མ་འོངས་ངེད་ཚང་གི་རྩ་དོན་གྱི་བདག་པོ་ཡིན་ལ་ཕ་ཁྱིམ་གྱི་བུ་དོད་ཀྱང་ཡིན། ལྔ་ལམ་དུ་ཕེབས་པའི་མེས་པོ་རྣམས་ཀྱི་དུར་ཁུངས་ནས་ཕྱི་མིག་འཁོར་ས་ཡང་ཁྱེད་ཚོ་ཡིན། བྱེས་བཞུགས་སྤུན་ཟླ་རྣམས་ཀྱིས་རེ་བའི་གཏམ་བཟང་གི་བུ་གར་སྟེན་ས་ཡང་ཁྱེད་ཚོ་ཡིན། མདོར་ན་ཁྱེད་ཅག་ནི་གནད་ཕྲང་གིི་དུས་སྐབས་འདིར་སྤྱི་ན་བོད་མི་རིགས་དང་ཡང་དགོས་རོང་ཚང་གི་ཕ་ཤུལ་བུ་འཛིན་བྱེད་ཐུབ་མིན་དེ་ཡང་ཁྱེད་ཚོའི་ཕྱག་ལས་དང་རྣམ་དཔྱོད་ལ་འབྲེལ་བ་དམ་ཟབ་ཡོད། ད་དུང་གཞན་ཞིག་ཏུ་བསམ་ན། གཞིས་བཞུགས་སྤུན་ཟླའི་ནང་ནས་རྒྱལ་གཅེས་པ་ཇི་ཙམ་སླེབས་ཀྱི་འདུག དེ་དག་གི་གནས་ཚུལ་རྒྱལ་སྤྱི་སྒང་ཇི་ལྟར་ཕུལ་གྱི་འདུག དེ་དག་ཚང་མར་འགྲན་སེམས་དང་ཕྲག་དོག་བྱེད་དགོས་མ་མཐོང་ཡང་རང་ཉིད་ཀྱང་མཉམ་དུ་འགྲོ་བསྐྱོད་ཐུབ་པ་ཞིག་དགོས་རྒྱུ་དེ་གནད་ཆེ་བའི་འོས་འགན་ཞིག་མ་ཡིན་ནམ། མདོ་ན་དེ་རིང་ངའི་སྡུག་སྐད་འདི་སྨར་ཁམས་ཀྱི་མི་ཚོགས་མང་ས་ཞིག་དང་ལྷག་བསམ་དང་སེམས་ཤུགས་ཡོད་པའི་ཤེས་ཡོན་ཅན་ཆེས་མི་ཉུང་བ་ཡོད་པའི་གནས་འདིར་ཕུལ་ཐུབ་པས་རང་བཞིན་གྱི་སེམས་ལ་དགའ་སྐྱོར་འདྲེས་མའི་ཚོར་སྣང་ཞིག་ཡོང་གིན་འདུག

སྨར་དྷི་ཟེར་གྱིས།  

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།