སྐྱིད་སྡུག་མཉམ་མྱོང

15/12/2009 11:31

བོད་མིའི་སྐྱིད་སྡུག་མཉམ་མྱོང་།

དུས་བབ།

བོད་ཕྱི་ནང་གཉིས་ཀྱི་བོད་མི་སུ་ཡིན་རུང༌། ངས་དཀའ་ལས་རྒྱབ་པ་ཡིན། ཞེས་བཤད་ས་ཞིག་ཡོད་པ་མ་རེད། དེ་དག་

ཡོད་ཚད་ང་ཚོའི་ལས་འགན་རེད། མ་འོངས་པར་གཞུང་སྒེར་སུ་ཡིན་ཡང་རྡོག་རྩ་གཅིག་སྒྲིལ་ཐོག མི་རེ་ངོ་རེ་ནས་ལས་

འགུལ་དང་བྱ་བ་བསྒྲུབ་དགོས་པ་རེད་ཟེར།


ཕྱི་ཚེས་ ༡༠ ཉིན་ནི་༧གོང་ས་མཆོག་གིས་ནོ་སྤེལ་ཞི་བདེའི་གཟེངས་བཞེས་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་

ཉི་མ་བཅས་དུས་ཆེན་ཉིས་རྩེག་ཀྱི་ཉིན་མོ་དང་བསྟུན་ཏེ། སྔར་ལོ་ཞི་རྒོལ་ནང་ཞུགས་མྱོང་མཁན་འཐབ་མོ་བ་གཉིས་

དང༌། བཞུགས་སྒར་ཁུལ་གྱི་ཆབ་སྲིད་བཙོན་ཟུར་ཁག་ཅིག དེ་བཞིན། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་འགའ་

བཅས་ཀྱིས་མཉམ་འབྲེལ་ཐོག ༼ བོད་མིའི་སྐྱིད་སྡུག་མཉམ་མྱོང་ ༽ ཞེས་པའི་ཡིད་སྐྱོ་བའི་གཏམ་བརྗོད་རིང་མོ་ཞིག་བོད་

གཞུང་ཟློས་གར་ཁང་དུ་འཁྲབ་ཡོད་ལ། དངོས་མྱོང་གི་གཏམ་བརྗོད་དེས་ལྟད་མོ་བ་ཡོངས་ལ་སྐྱོ་གདུང་དང་ཁོང་ཁྲོ། དྲག་ཤུལ་བཅས་ཀྱི་ཚོར་སྣང་གནོན་དཀའ་བ་ཞིག་སྦྱིན་ཏེ། ཟློས་གར་ཁང་ཡོངས་ཚ་ཚ་འུར་འུར་ཆགས་ཡོད་ལ། སྐུ་

མགྲོན་གཙོ་བོའི་མིང་ཐོག་ནས་ཕེབས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་སྤྱི་

འཐུས་རྣམ་པ་དང༌། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་གཙོས་པའི་གཞུང་ཞབས་རྣམ་པ་བཅས་ཀྱིས་

ཀྱང་ཡིད་གདུང་གི་ཚོར་བ་མ་བཟོད་པར་སྤྱན་ཆབ་གསིལ་ཞིང་། ལྟད་མོ་བའི་ཁྲོད་ཀྱི་ན་གཞོན་རེ་འགས་ཤུགས་དྲག་

པའི་ཚོར་བ་མ་གནོན་པར་གར་སྟེགས་སྟེང་མཆོངས་ཏེ། རྒྱ་ནག་གི་ཉེན་རྟོག་པ་འཁྲབ་མཁན་མི་སྣ་ཞིག་ལ་རྡུང་རྡེག་

བཏང་ཡོད།  

 ཐེངས་འདིའི་འཁྲབ་སྟོན་གྱི་བརྗོད་བྱ་གཙོ་བོ་སྔར་ལོར་གཞིས་བཞུགས་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་

བྱས་ཤིང༌། རྒྱ་ནག་གི་ཉེན་རྟོག་མི་སྣ་དང་དྲག་ཆས་དམག་མིས་བོད་མིའི་ཐོག་དྲག་གནོན་དང༌། སྐྱ་སེར་ཕོ་མོ་རྒན་

གཞོན་མེད་པར་ཡ་ང་བའི་མནར་གཅོད་བཏང་བའི་སྣང་བརྙན་མཐའ་དག་གཏམ་བརྗོད་ཀྱི་རྣམ་པས་འཁྲབ་སྟོན་བྱས་

པ་ཞིག་ཡིན་ཞིང༌། འཁྲབ་སྟོན་བྱེད་མཁན་གྱི་མི་སྣ་དག་ནི། སྔར་ལོ་དཀར་མཛེས་ཁུལ་གྱི་ཞི་རྒོལ་ནང་དངོས་སུ་ཞུགས་

མྱོང་མཁན་ཚེ་རིང་རྡོ་རྗེ་དང་མགོན་པོ། བཞུགས་སྒར་ཁུལ་གྱི་ཆབ་སྲིད་བཙོན་ཟུར་ ༡༠ དང༌། ཤེས་རབ་དགའ་ཚལ་

སློབ་གླིང་གི་སློབ་མ་ ༢༣ བཅས་ཁྱོན་བསྡོམས་མི་སྣ་ ༣༥ ལྷག་གིས་ཟླ་ ༡ རིང་སྦྱོང་བརྡར་བྱས་པའི་སྐྱོ་གར་ཞིག་ཡིན།

ཕྱི་ཚེས་ ༡༡ ཉིན་གཏམ་བརྗོད་དེའི་འཁྲབ་ཁྲིད་པ་དང་སྒྲ་དབྱངས་སྒྲིག་སྦྱོར་བ་ཚེ་རིང་མཐར་དང༌། འཁྲབ་གཞུང་

ཁྲོད་ཀྱི་མི་སྣ་གཙོ་གྲས་བསོད་ནམས་ཚེ་རིང་གཉིས་འདི་གའི་གསར་ཁང་ལ་ཆེད་འགུག་གིས། གཏམ་བརྗོད་སྦྱོང་

བརྡུར་དང་འཁྲབ་སྟོན་པའི་རེ་འདུན་སྐོར་ལ་བཅར་འདྲི་ཞུས་སྐབས། འཁྲབ་ཁྲིད་པ་ཚེ་མཐར་ལགས་ཀྱིས་བརྗོད་

དོན། ང་ཚོའི་ཚོགས་པ་འདི་ཐོག་མར་འཛུགས་མཁན་ཆབ་སྲིད་བཙོན་པ་ཚེ་རིང་རྡོ་རྗེ་དང་མགོན་པོ་གཉིས་རེད།

ཁོང་གཉིས་འདས་ལོའི་ཞི་རྒོལ་ནང་དངོས་སུ་ཞུགས་མྱོང་ཞིང༌། བཙོན་གྲོལ་ཐོབ་རྗེས་ཀྱང་རྒྱ་ནག་གི་གདུག་རྩུབ་

འོག་སྡོད་མ་ཐུབ་པར་བཙན་བྱོལ་དུ་ཡོང་དགོས་བྱུང་བ་རེད། ཁོང་གཉིས་ཀྱིས་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཆོལ་ཁ་དང་

ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཕྱོགས་ཞེན་མཐོང་སྟེ། དགྲ་ལ་ཁ་བཏད་གཅོག་པར་ནང་གི་མཐུན་སྒྲིལ་གལ་ཆེ་

བར་བསམས་ཏེ། བོད་ཆོལ་ཁ་གསུམ་གྱི་ན་གཞོན་ཕོ་མོ་ ༣༥ ལྷག་བསྡུས་ཏེ་ ༼ བོད་མིའི་སྐྱིད་སྡུག་མཉམ་མྱོང་ ༽ ཞེས་

པའི་ཚོགས་པ་འདི་གསར་འཛུགས་བྱས་པ་རེད། ཅེས་དང༌། 

I

 ཐེངས་འདི་ནི་འཁྲབ་སྟོན་ཐོག་མ་ཡིན་སྟབས་མི་འདང་ས་ཡོད་ངེས་རེད། འོན་ཀྱང་འཁྲབ་སྟོན་པ་རྣམས་ཀྱིས་ཕན་

ཚུན་བརྩི་བཀུར་དང་འགན་ལེན་ཐོག བདུན་ཕྲག་རེ་རེའི་གཟའ་ཉི་མ་དང་སྤེན་པ། པ་སངས་བཅས་ཉིན་གྲངས་གསུམ་

གྱི་དུས་ཚོད་བེད་སྤྱད་དེ་སྦྱང་བ་བྱས་མཐར་འཁྲབ་སྟོན་ཐོག་མ་བྱ་ཐུབ་པ་བྱུང་སོང༌། འདི་ནི་བོད་ནང་གི་བོད་མིས་

བདེན་དོན་འཐབ་རྩོད་ཀྱི་ཟུར་གཅིག་ཙམ་རེད། རིམ་གྱིས་བཙན་བྱོལ་བོད་མིའི་སློབ་གྲྭ་དང་གཞིས་ཆགས་ཁག ཕྱི་

རྒྱལ་དུ་ཡོད་པའི་བོད་རིགས་བཅས་ལའང་འཁྲབ་སྟོན་བྱ་ཐུབ་པའི་རེ་བ་དང་འཆར་གཞི་སྒྲིག་གིན་ཡོད། བོད་ཕྱི་

ནང་གཉིས་ཀྱི་བོད་མི་སུ་ཡིན་རུང༌། ངས་དཀའ་ལས་རྒྱབ་པ་ཡིན། ཞེས་བཤད་ས་ཞིག་ཡོད་པ་མ་རེད། དེ་དག་ཡོད་

ཚད་ང་ཚོའི་ལས་འགན་རེད། མ་འོངས་པར་གཞུང་སྒེར་སུ་ཡིན་ཡང་རྡོག་རྩ་གཅིག་སྒྲིལ་ཐོག རང་རང་གི་ངོས་ནས་

ཕྱོགས་འདྲ་མིན་ནས་ལས་འགུལ་དང་བྱ་བ་སྒྲུབ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་བྱུང། 

སྐབས་དེར་འཁྲབ་སྟོན་པ་བསོད་ནམས་ཚེ་རིང་ལགས་ཀྱིས་བརྗོད་དོན། ཤེས་རབ་དགའ་ཚལ་སློབ་གླིང་གི་འཁྲབ་སྟོན་

པ་ཚོར་མཚོན་ན་གླ་ཆ་ཡོད་པ་མ་རེད་ལ། རྩ་ཆེ་བའི་སློབ་སྦྱོང་གི་དུས་ཚོད་ཀྱང་སྦྱོང་བརྡར་ཐོག་བཏང་བ་རེད། འདི་

མི་རིགས་ལ་བཅངས་བའི་ལྷག་བསམ་དང་སེམས་ཤུགས་རེད་སྙམ། ངས་སྔོན་མ་འཁྲབ་སྟོན་མང་པོ་བྱས་མྱོང་ཡོད་ཀྱང༌།

ཆོལ་ཁ་གསུམ་གྱི་མི་སྣ་དང་བོད་གཞུང་གི་བཀའ་བློན་དང་སྤྱི་འཐུས་སོགས་ཀྱི་མདུན་ནས་འཁྲབ་སྟོན་བྱས་པ་ཐོག་མ་

ཡིན། འདི་ནི་ང་རང་གི་བསོད་ནམས་རེད། མ་འོངས་༼ བོད་མིའི་སྐྱིད་སྡུག་མཉམ་མྱོང་ ༽ ཞེས་པའི་ཚོགས་པ་འདི་རྒྱ་ཇེ་

ཆེར་འགྲོ་ཐུབ་པའི་རེ་བ་ཡོད། གང་ཡིན་ཟེར་ན། མི་རིགས་ཤིག་དང་སྤྱི་ཚོགས་ཤིག་ལ་མཚོན་ན་སྒྱུ་རྩལ་མེད་དུ་མི་

རུང་ལ། སྒྱུ་རྩལ་གྱིས་སྤྱི་ཚོགས་ཤིག་གི་ལྷང་འཇགས་དཀྲོག་ཐུབ་ལ། རྙོག་འཛིང་འཇགས་ཀྱང་ནུས་པའང་ཡོད་པ་རེད།

ཅེས་བརྗོད་བྱུང་

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།