སྐུ་ཚབ་བར་གྱི་ཚིག་རྩོད

17/12/2009 15:42

པེ་ཅིན་དང་ངྷ་སའི་སྐུ་ཚབ་བར་གྱི་ཚིག་རྩོད

དུས་བབ།

ཉེ་ཆར་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་གསར་ལམ་ཁག་

ཅིག་ཏུ། ཐེངས་སྔོན་མའི་བོད་རྒྱའི་འབྲེལ་མོལ་རིམ་པའི་སྐབས་སུ་བཤད་པའི་སྐད་ཆ་ཁག་ཅིག་ངོས་ལེན་བྱེད་ཀྱིན་

མེད་པའི་གནས་ཚུལ་དེར། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་དུས་ཐོག་

ལ་ལན་འདེབས་གནང་ཡོད།

                         

 ཟླ་འདིའི་ཚེས་ ༨ ཉིན་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་

གསར་ལམ་ཁག་ཅིག་ཏུ་སྔར་བོད་རྒྱའི་འབྲེལ་མོལ་རིམ་པའི་སྐབས་སུ་ཕན་ཚུན་ལ་བཤད་པའི་སྐད་ཆ་དག་ལ་བསྐྱར་

དུ་བསྙོན་ཏེ། ཏཱ་ལའི་བླ་མའི་འཐུས་ཚབ་དག་དང་གྲོས་མོལ་སྐབས་སྐད་ཆ་ཅི་བྱུང་ཁ་གསལ་བོ་ཡིན། འོན་ཀྱང་། ལོ་སྔ་

ཕྱིར་ཏཱ་ལའི་བླ་མ་དང་ཁོང་གི་འཐུས་ཚབ་གཉིས་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ། ང་ཚོའི་གྲོས་མོལ་སྐབས་གནད་

དོན་ཆ་ཚང་སྙན་སྒྲོན་ཞུས་མཐར། པེ་ཅིན་གྱི་ཀྲུའུ་ཝེ་ཆོན་དང་ཏུའུ་ཆིན་ལེན་སོགས་ཀྱི་ཕྱོགས་ནས་ཏཱ་ལའི་བླ་མས་

བོད་རང་བཙན་རྩོད་ཀྱིན་མེད་པ་ངོས་ལེན་བྱས་ཡོད་ཟེར་བ་དེ་བདེན་པ་མ་རེད། གལ་སྲིད་མགོ་ཤ་དྭངས་མོ་ཞིག་

ཡིན་ན། ཏཱ་ལའི་བླ་མའི་ཕྱོགས་ནས་སྔར་ཕྱིར་བཏོན་པའི་ཆ་རྐྱེན་དེ་དགརྣམ་པ་བསྒྱུར་བའི་རང་བཙན རེད་མི་

ཟེར་མཁན་མེད་ལ། ལྷག་པར་དུ་ཀྲུང་དབྱང་དབུས་གཞུང་གི་ཕྱོགས་ནས་ཏཱ་ལའི་བླ་མས་རང་བཙན་གྱི་ལྟ་བ་དོར་

མེད་པ་གསལ་བོར་རྟོགས་ཡོད། ཅེས་བརྗོད་ཡོད་པ་དེར་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་

མཚན་མཆོག་གིས། ཟླ་འདིའི་ཚེས་ ༡༠ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བརྒྱུད་ལན་འདེབས་གནང་ཡོད།

དམིགས་བསལ་སྐུ་ཚབ་མཆོག་གིས་ང་ཚོས་རྒྱ་ནག་གི་མགོ་ཁྲིད་ཚོ་དང་མཉམ་དུ་བོད་རྒྱའི་འབྲེལ་མོལ་ཐེངས་རྗེས་

མའི་ཐད་ལས་རིམ་སྒྲུབ་ཀྱིན་ཡོད་པའི་སྐབས་འདིར་ཀྲུའུ་ཝེ་ཆོན་གྱི་སྐད་ཆ་དེ་དག་འོས་འཚམ་མིན་སྐོར་བརྗོད་དོན།

ད་ལྟ་ང་ཚོས་རྒྱ་ནག་གི་མགོ་ཁྲིད་རིམ་པ་དང་སྐབས་རྗེས་མའི་འབྲེལ་མོལ་སྐོར་ལ་གོ་བསྡུར་བྱེད་ཀྱིན་པའི་སྒང་ཡིན་

པར་བརྟེན། བཅར་འདྲི་འདི་འདྲ་སྤེལ་བསྒྲགས་བྱེད་པའི་དུས་ཚོད་དང༌། དེའི་ནང་དོན་བཅས་མགོ་རྙོག་གི་རང་བཞིན་

དུ་གྱུར་ཞིང༌། ངའི་ཤེས་ཚོད་ལྟར་ན། རྒྱ་ནག་གི་མགོ་ཁྲིད་རིམ་པས་ཀྱང་ང་ཚོ་དང་འདྲ་བར་འཕྲོས་མོལ་རྒྱུན་མཐུད་

བྱ་འདུན་འཆང་གིན་ཡོད་ཅིང༌། ནམ་ཕུགས་དེ་དག་བོད་དོན་ཐད་གཉིས་མོས་གྲོས་བསྡུར་གྱི་ལམ་ནས་ཐག་གཅོད་

ཅིག་ཡོང་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ང་ཚོས་རེ་བ་བྱེད་ཀྱིན་ཡོད། ཕྱི་ལོ་ ༢༠༠༦ ཟླ་ ༢ པར་འབྲེལ་མོལ་ཐེངས་

ལྔ་པ་བསྐྱངས་སྐབས། རྒྱ་ནག་གཞུང་ཕྱོགས་ནས་ྋགོང་ས་མཆོག་གི་བཞེངས་ཕྱོགས་ཏེ། བོད་རང་བཙན་རྩོད་ལེན་མི་

གནང་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གནས་རྒྱུའི་དགོངས་གཞི་འཆང་

གིན་ཡོད་པ་དེར་བསྔགས་བརྗོད་གསལ་པོ་ཞུས་ཡོད། ཅེས་དང་།

           

རྒྱ་རི་མཆོག་གིས་སྔར་གྱི་འབྲེལ་མོལ་རིམ་པའི་སྐབས་བྱུང་བའི་སྐད་ཆ་དག་ལ་ངོས་འཛིན་གནང་དོན། སྐབས་དེར་

ཚོགས་འདུའི་ནང་བཀའ་མོལ་ཅི་བྱུང་བོད་ཡིག་ཐོག་སྒྲ་ཕབ་ཞུས་པར་གཞིགས་ན། རྒྱ་ནག་གཞུང་ཕྱོགས་ནས་ྋགོང་

ས་མཆོག་གི་བཞེངས་ཕྱོགས་ལགཏམ་བཟང་པོ་གནས་ཚུལ་བཟང་པོའམ། དགའ་བསུ་ཞུ་འོས་པའི་གནས་ཚུལ

ཞེས་བརྗོད་འདུག བཀའ་མོལ་ཞིབ་ཕྲ་འདིར་ལུང་འདྲེན་བྱས་པ་ཡིན་ན།  “ ཏཱ་ལའི་བླ་མས་རྒྱ་ནག་མི་དམངས་སྤྱི་

མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞི་རྩར་བཟུང་བའི་ཐོག་ནས་དཀའ་རྙོག་སེལ་འདོད་ཡོད་ཅེས་གསུངས་ཏེ། རྣམ་འགྱུར་

ཞིག་སྟོན་གྱི་ཡོད་པ་དེ་ནི་དགའ་བསུ་ཞུ་འོས་པའི་གནས་ཚུལ་ཞིག་ཡིན།ཞེས་བརྗོད་འདུག ང་ཚོས་འདི་དག་ནི་

ད་ཕན་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོ་དང་མཉམ་དུ་འབྲེལ་མོལ་བྱས་པའི་བརྒྱུད་རིམ་ཁྲོད་ཡར་རྒྱས་ཆུང་

ཆུང་ཞིག་ཡིན་ནའང་དེ་དག་གལ་ཆེན་པོ་ཡིན་པའི་ལྟ་ཚུལ་བཟུང་ཡོད། དེ་དུས་ང་ཚོར་ྋགོང་ས་མཆོག་གི་བཞེངས་

ཕྱོགས་གཉིས་མོས་ཀྱི་ཐག་གཅོད་ཅིག་ཡོང་བར་འབད་བརྩོན་གནང་བ་དེར་རྒྱ་ནག་གཞུང་ཕྱོགས་ལ་ཐུགས་སྣང་ཡོང་

གིན་འདུག་སྙམ་པའི་ཚོར་སྣང་ཐེངས་དང་པོ་བྱུང༌། འདི་ནི་

ང་ཚོས་འབྲེལ་མོལ་གྱི་ལས་རིམ་ཁྲོད་བཟང་པོའི་ཆ་ཤས་རྣམས་གསལ་སྟོན་བྱས་དང་བྱེད་བཞིན་ཡོད་པའི་ནང་རྒྱ་

ནག་གཞུང་ཕྱོགས་ནས་ཕྱི་ལོ་ ༢༠༠༢ ལོར་འབྲེལ་བ་སླར་གསོ་བྱུང་བ་ནས་ད་བར་ལོ་ ༥ སོང་བའི་རིང་བཟང་པོའི་

རྣམ་འགྱུར་བསྟན་པའི་ནང་གི་གཅིག་ཡིན་ཞིང༌། སྐབས་དེར་ང་ཚོ་བཞུགས་སྒར་དུ་ཕྱིར་འཁོར་མ་ཐག དེ་དག་ྋགོང་

ས་མཆོག་ལ་སྙན་སེང་ཞུས་པ་ཡིན། ཞེས་བཀོད་འདུག

ལན་འདེབས་ནང་མུ་མཐུད་བསྟན་དོན། ཕྱི་ལོ་ ༢༠༠༨ ཟླ་ ༡༡ པའི་ནང་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་ང་ཚོས་

བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽ ཞུ་བ་དེ་ཕུལ་བ་དང་། དེའི་ནང་

བོད་མིིའི་གཞི་རྩའི་དགོས་མཁོ་ཁག་གསལ་སྟོན་བྱས་ཡོད་ལ། དེ་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་

ཡོད་རྩ་ཁྲིམས་ཀྱི་ཆ་རྐྱེན་འོག་བསྐང་ཐུབ་པ་ཞིག་ཡིན། རྒྱ་ནག་གིས་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་

རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽ནང་བཀོད་པའི་དོན་ཚན་ཁག་ལ་བལྟ་ཙམ་ཡང་མ་བྱས་པར་མཐའ་གཅིག་

ཏུ་དགག་པ་བརྒྱབས་ཡོད་སྟབས། མུ་མཐུད་འབྲེལ་བ་བྱ་རྒྱུའི་དམིགས་ཡུལ་མེད་པར་གྱུར། འོན་ཀྱང་། ྋགོང་ས་མཆོག་

གིས་འབྲེལ་མོལ་གྱི་ལས་རིམ་ཐད་དམ་བཅའ་བརྟན་བཟུང་གནང་ཡོད་ལ། ང་ཚོར་ཡང་རྒྱ་ནག་གི་དབུ་ཁྲིད་ཚོ་དང་

ཡང་བསྐྱར་འབྲེལ་བ་བྱ་རྒྱུར་གོམ་པ་སྤོ་དགོས་པའི་བཀའ་སློབ་གནང་ཡོད། ད་བར་འབྲེལ་མོལ་གྱི་བརྒྱུད་རིམ་ལ་ལེགས་

ཆ་ཅི་ཙམ་མངོན་རྒྱུ་ཡོད་པ་དེ་དག་ང་ཚོས་ཕྱོགས་ཀྱི་འབད་བརྩོན་ཁོ་ན་ལས་བྱུང་བ་ཡིན། ང་ཚོས་འབད་བརྩོན་ལ་

བརྟེན་ཏེ་ཕྱི་ལོ་ ༢༠༠༢ ནས་བཟུང་འབྲེལ་མོལ་སླར་གསོ་དང་འབྲེལ་ཏེ། ད་ཕན་གྲོས་བསྡུར་སྔ་རྗེས་ཀྱི་ལས་རིམ་མགོ་

འཛུགས་ཐུབ་པ་བྱུང་ཡོད། ཅེས་དང་།

རྒྱ་རི་མཆོག་གིས་འབྲེལ་མོལ་རིམ་པའི་སྐབས་རྒྱ་ཕྱོགས་ནས་བཏོན་པའི་རེ་བ་ཁག་ལ་དབྱེ་སྲེས་བྱས་དོན། རྒྱ་ནག་ཕྱོགས་

ནས་ྋགོང་ས་མཆོག་གི་བཞེངས་ཕྱོགས་ལ་བཟང་པོའི་རྣམ་འགྱུར་བསྟན་པ་ཕྱི་ལོ་ ༢༠༠༦ ཟླ་ ༢ པར་བསྐྱངས་པའི་

འབྲེལ་མོལ་ཙམ་མ་ཡིན་པར། ཕྱི་ལོ་ ༢༠༠༨ ཟླ་ ༥ ནང་རྒྱ་ནག་གི་གྲོང་ཁྱེར་ཧྲིན་ཀྲན་ནས་ནང་མོལ་གྲོས་བསྡུར་བསྐྱངས་

སྐབས་ཀྱང་རྒྱ་ནག་ཕྱོགས་ནས་ྋགོང་ས་མཆོག་ལ་དམིགས་ཏེ་༼ མཚམས་འཇོག་གསུམ ༽ ཟེར་བ་ཞིག་བཏོན་པ་རེད། ང་

ཚོས་དེ་དག་ལ་ཁས་ལེན་མ་བྱས་སྟབས། ཕྱི་ལོ་ ༢༠༠༧ ཟླ་ ༧ ནང་ཚོགས་པའི་འབྲེལ་མོལ་ཐེངས་བདུན་པའི་སྐབས། ཡང་

བསྐྱར་༼ རྒྱབ་སྐྱོར་མི་བྱེད་པ་བཞི ༽ཟེར་བ་བཏོན་པ་རེད། ཁོང་ཚོས་བརྗོད་གསལ་ལྟར་ན་༼ རྒྱབ་སྐྱོར་མི་བྱེད་པ་བཞི ༽དེ་༼

མཚམས་འཇོག་གསུམ ༽གྱི་ཚབ་ཏུ་བཏོན་པ་དེ་དག་ང་ཚོས་ྋགོང་ས་མཆོག་གི་༼ མཚམས་འཇོག་གསུམ ༽གྱི་ནང་གསལ་

བྱ་སྤྱོད་ཁག་སྤེལ་གྱིན་མེད། ཅེས་དོན་ཚན་ཞུས་པ་དེར་བརྩི་འཇོག་བྱས་པ་ཡིན་ཞེས་བརྗོད་ཀྱི་ཡོད་པ་རེད། དེར་བརྟེན།

རྒྱ་ནག་གི་དབུ་ཁྲིད་ཚོས་༼ མཚམས་འཇོག་གསུམ ༽སྲིད་བྱུས་ནས་༼ རྒྱབ་སྐྱོར་མི་བྱེད་པ་བཞི ༽ཞེས་པར་བསྒྱུར་བ་དེ་ཁོང་

ཚོས་ྋགོང་ས་མཆོག་གི་རང་བཙན་རྩོད་ལེན་གྱི་ཕྱག་ལས་མཛད་ཀྱིན་མེད་པ་ཁས་ལེན་གྱི་ཡོད་པའི་རྟགས་རེད།

ཅེས་དང་།

                               

 ཉེ་དུས་པེ་ཅིན་ནས་བསྒྲགས་གཏམ་སྤེལ་བ་ཁག་ལ་གཞིགས་ན། ང་ལ་རྒྱ་ནག་གཞུང་ནང་ཕྱག་ལས་གནང་སྐབས་

བོད་ཀྱི་གནད་དོན་ཐད་ལོ་མང་རིང་མཉམ་ཞུགས་གནང་མྱོང་མཁན་རྒྱ་རིགས་སློབ་དཔོན་གྱི་བསླབ་བྱ་བརྒྱབས་པ་

དེ་དྲན་གསོས་བྱུང༌། ཁོང་གིས་རྒྱ་མིའི་དབུ་ཁྲིད་རྣམས་ནས་ྋགོང་ས་མཆོག་གི་ཁ་བྲལ་རྩོད་ཀྱིན་མེད་པ་གསལ་

རྟོགས་ཡོད་བཞིན་དུ་ཁོང་ལ་ཁ་བྲལ་གྱི་ཉེས་ཞྭ་གཡོག་པ་དེ་ཕུད་རྒྱུའི་ཆབ་སྲིད་ཀྱི་བློ་སྤོབས་ལྡན་པར་ང་ཚོས་རེ་བ་

རྒྱག་རྒྱུ་མེད། གལ་ཏེ་རྒྱ་ནག་ཕྱོགས་ནས་ཉེས་ཞྭ་དེ་ཕུད་པའི་དབང་དུ་བཏང་ན་ཡང་ཁོང་ཚོས་ད་ལྟ་བོད་ཐོག་འཛིན་

པའི་སྲིད་བྱུས་དང་ྋགོང་ས་མཆོག་བོད་ལ་ཕྱིར་ལོག་ཕེབས་རྒྱུའི་ཐད་བཀག་འགོག་བྱེད་པ་སོགས་ཀྱི་གནས་ཚུལ་དེ་

དག་དྲང་བདེན་ཡིན་པའི་ཁུངས་སྐྱེལ་རྒྱ་ནག་མི་མང་ལ་བྱེད་ཐུབ་ཀྱི་མ་རེད་བཅས་གསུངས་ཡོད།

མཇུག་མཐར་རྒྱ་ནག་གཞུང་ཕྱོགས་ནས་སྔ་ཕྱིར་འབྲེལ་མོལ་ལ་འགོག་རྐྱེན་བཟོ་བཞིན་ཡོད་སྐོར་བཀོད་དོན། རྒྱ་ཕྱོགས་

ནས་ཡང་ནས་ཡང་དུ་ང་ཚོར་གསར་ལམ་བརྒྱུད་འབྲེལ་མོལ་བྱ་རྒྱུ་མེད་ཚུལ་དང་། ང་ཚོ་ཕན་ཚུན་ཐད་ཀར་གདོང་

ཐུག་གིས་བཀའ་མོལ་ཞུ་དགོས་པ་བརྗོད་ཀྱིན་ཡོད། འོན་ཀྱང་། ཀུན་གྱི་མཐོང་ཆོས་སུ་ཡོད་པ་ལྟར། རྒྱ་ཕྱོགས་ནས་

གསར་ལམ་ཁག་ཏུ་བཅར་འདྲིའི་རིགས་འདོན་སྤེལ་བྱས་ཏེ། འབྲེལ་མོལ་གྱི་ལས་རིམ་ལ་འགོག་རྐྱེན་བཟོ་གཞི་མང་

དུ་གཏོང་གིན་ཡོད། ཕྱི་ལོ་ ༢༠༠༨ འབྲེལ་མོལ་ཐེངས་ ༧ པའི་སྐབས་རྒྱ་ཕྱོགས་ནས་༼ རྒྱབ་སྐྱོར་མི་བྱེད་པ་བཞི ༽ནི་

༼ མཚམས་འཇོག་གསུམ ༽དང་བསྡུར་ན་ལེགས་པ་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་དེ་ལྟར་ཡང་འབྲེལ་མོལ་གྲུབ་

རྗེས་ང་ཚོ་རྒྱ་གར་དུ་ྋགོང་ས་མཆོག་ལ་སྙན་སེང་ཆེད་མ་འབྱོར་སྔོན་ལ་ཁོང་ཚོས་གསར་ལམ་ཁག་ལ་རང་ཉིད་ཀྱི་

ལངས་ཕྱོགས་དང་ཡོངས་སུ་རྒྱབ་འགལ་གྱི་ལན་བརྡ་ཞིག་སྤྲད་འདུག ང་ཚོའི་བསམ་པར་གལ་ཏེ་རྒྱ་ཕྱོགས་ལ་བོད་

མིའི་དཀའ་ངལ་རྣམས་སེལ་རྒྱུ་དང༌། དེ་བཞིན་རྒྱ་ནག་གི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་དང་འབྲེལ་བའི་ཁྲིམས་

སྒྲིག་ནང་གསལ་གྱི་ཐོབ་ཐང་རྣམས་བོད་མིར་གཅིག་མཚུངས་སྤྲོད་རྒྱུའི་དོན་དམ་གྱི་བསམ་བློ་ཡོད་ཚེ། དེ་དག་ད་ཡོད་

འབྲེལ་མོལ་གྱི་བརྒྱུད་ལམ་དང་གྲོས་མོལ་གྱི་རྒྱ་ཅོག་སྟེང་སྤྲོད་དགོས་པ་ཡིན།

གོང་གི་གསར་འགྱུར་འདི་བོད་གཞུང་དྲ་རྒྱ་ལས་བསྡུ་སྒྲིག་བྱས་པ་ཡིན། 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།