སྐུ་ཚབ་ཅིག་ཕེབས་རོགས།

03/12/2008 23:51

 

ཡུ་རོབ་བོད་དོན་སྐུ་ཚབ་ཅིག་ཕེབས་རོགས།

 

 

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡུ་རོབ་སྤྱི་མཐུན་ལ་ཡུ་རོབ་ཀྱིས་བོད་དོན་དམིགས་བསལ་སྐུ་ཚབ་ཅིག་བསྐོས་ཏེ། བོད་ཀྱི་གནད་དོན་ཐག་གཅོད་གནང་བར་རྒྱབ་སྐྱོར་གནང་དགོས་པ་དང༌། ཡུ་རོབ་དང་རྒྱ་ནག་གི་བར་དུ་བོད་དོན་ལས་འཕྲོས་པའི་འགལ་ཟླ་ཞིག་འབྱུང་བཞིན་པ་དེ་ཞི་འཇམ་ལ་གཏོང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡུ་རོབ་རྒྱལ་ཁབ་ཁག་ལ། ད་སྐབས་༧གོང་ས་མཆོག་གིས་ཡུ་རོབ་ཁུལ་དུ་གཟིགས་སྐོར་གནང་བཞིན་པར་དགའ་སྤྲོའི་རྣམ་པས་མགྲོན་བསུ་གནང་སྟེ། ཁོང་གི་བདེན་པ་དང་འཚེ་བ་མེད་པའི་དགོངས་གཞི་ལ་ཡིད་དགའ་བའི་ངང་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད།  སྤྱི་ཟླ་ ༡༡ ཚེས་ ༣༠ ཉིན་ནས་༧གོང་ས་མཆོག་གིས་ཡུ་རོབ་ཁུལ་གྱི་ཆིབས་བསྒྱུར་དབུ་འཛུགས་གནང་ཡོད། ཁོང་ཉིད་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་སྐུ་ཞབས་ Topolanek དང་རྒྱལ་ས་སྤི་ར་གྷོན་ནས་མཇལ་འཕྲད་གནང་ཡོད་ལ། སྤྱི་ཟླ་ ༡༢ ཚེས་ ༤ ཉིན་རྒྱལ་ས་བྷིརལ་སལ་དུ་ཡོད་པའི་ཡུ་རོབ་གྲོས་ཚོགས་སུ་ཆིབས་བསྒྱུར་གྱིས་བོད་དོན་ལས་འཕྲོས་པའི་གཏམ་བཤད་གནང་འཆར་ཡོད་པ་དང༌། ཚེས་ ༦ ཉིན་པོ་ལན་ཌི་རུ་ཧྥ་རན་སིའི་སྲིད་འཛིན་སར་ཁོ་རྫེ་མཆོག་དང་ཡུ་རོབ་ཀྱི་དབུ་ཁྲིད་གཞན་དག་ལ་མཇལ་འཕྲད་གནང་འཆར་ཡོད་འདུག 

རྒྱ་ནག་གཞུང་གིས་ཡུ་རོབ་མཐུན་ཚོགས་མཉམ་དུ་སྐོང་རྒྱུའི་ཚོགས་འདུ་ལས་ཕྱིར་བཤོལ་བྱས་པ་དེས་བོད་ཀྱི་གནད་དོན་འདི་འགོག་རྐྱེན་ཏུ་འཇོག་དགོས་པ་མིན་པར། ངེས་པར་དུ་སེལ་དགོས་པའི་ཛ་དྲག་གི་གནས་སྟངས་ཤིག་ཡིན་པ་བསྟན་པ་རེད་ཅེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་མཐུན་ཚོགས་ཀྱི་སྲིད་བྱུས་འགན་འཛིན་སྐུ་ཞབས་Vincent Metten མཆོག་གིས་གསུངས་ཡོད་པ་རེད་ལ། ཁོང་གིས་མུ་མཐུད་དུ། ཡུ་རོབ་མཐུན་ཚོགས་ཀྱི་བོད་དོན་འབྲེལ་མཐུད་སྐུ་ཚབ་ཅིག་བསྐོ་དགོས་པ་དགོས་པ་རེད་ལ། དེས་ཡུ་རོབ་མཐུན་ཚོགས་ཀྱི་ཚབ་བྱས་ནས་རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་དགོངས་ཚུལ་བསྡུ་རུབ་དང༌། དེ་ལས་བྱུང་བའི་འགལ་རྐྱེན། འགལ་རྐྱེན་འདི་ལས་བྱུང་བའི་དཀའ་རྙོག་མཐའ་དག་རྩད་ཞིབ་ཀྱིས་ཡུ་རོབ་མཐུན་ཚོགས་ལ་ཕུལ་ཏེ་དཀའ་རྙོག་འདི་དག་སེལ་ཐབས་ལ་འབད་དགོས་པ་རེད་ཅེས་གསུངས་ཡོད་འདུག

ཡུ་རོབ་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་Jose Manuel Barroso  མཆོག་གིས་སྤྱི་ཟླ་ ༡༡ ཚེས་ ༣༠ ཉིན་ཧྥ་རན་སིའི་རླུང་འཕྲིན་ RTL ནང་དུ། བོད་དོན་དང་༧གོང་ས་མཆོག་ལ་འབྲེལ་བ་ཡོད་པའི་གནད་དོན་ཞིག་ལ་ཐུག་དུས་རྒྱ་ནག་ལ་ཚོར་བ་རྣོན་པོ་ཡོད་པ་ང་ཚོས་གསལ་བོར་ཤེས་ཡོད། ཡིན་ན་ཡང་ཁ་གསལ་བོ་བྱས་ནས་བཤད་ན་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཞུང་བར་གྱི་ཚོགས་འདུ་དེ་ལ་འདི་ལྟའི་ཐག་གཅོད་དང་བསམ་ཚུལ་ཡོང་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད། སྲིད་འཛིན་སར་ཁོ་རྫེ་ལ་འདོད་པ་ཡོད་ན་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུའི་ཐོབ་ཐང་ཡང་ཡོད་པ་རེད། ཅེས་གསུངས་ཡོད་འདུག  ཡུ་རོབ་མགོ་ཁྲིད་གཞན་པ་མང་པོ་ཞིག་གིས་ཀྱང་རྒྱ་ནག་གི་རྣམ་འགྱུར་དེ་ལ་བློ་ཕམ་བྱུང་ཚུལ་གསུང་གི་ཡོད་པ་མ་ཟད།  ཡུ་རོབ་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་ALDE ཡིས་ཀྱང་རྒྱ་ནག་གི་རྣམ་འགྱུར་དེ་ནི་སེམས་ཁྲལ་དང་ཉེན་ཁའི་གནས་ཡིན་པར་ངོས་འཛིན་གནང་ཡོད་འདུག ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་Marco Cappato ཀྱིས། རྒྱ་ནག་གིས་དམངས་གཙོ་དང༌། ཁྲིམས་ལུགས་གཞིར་བཟུང༌། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ལ་དོ་སྣང་དང་གུ་ཡངས། བསླབ་བྱ་སོགས་ལེན་དགོས་ལ། འདི་དག་ནི་འགྲོ་བ་མིའི་ཐུན་མོང་གི་ལེགས་བྱང་རེད། དེའི་རྐྱེན་གྱིས་ཡུ་རོབ་མཐུན་ཚོགས་ཀྱིས་དུས་ནམ་ཡང་འགྲོ་བ་མིའི་ཐུན་མོང་གི་ལེགས་བྱང་ལ་སྣང་མེད་དང་རྩིས་མེད་གཏོང་གི་མ་རེད་ཅེས་གསུངས་ཡོད་པ་རེད། 

ཡང་སྐུ་ཞབས་ Metten མཆོག་གིས་ཡུ་རོབ་མི་དམངས་ཀྱིས་༧གོང་ས་མཆོག་དང་བོད་མིར་བཟུང་བའི་འབྲེལ་བ་དེ་དུས་ནམ་ཡང་རྩིས་མེད་དུ་མི་གཏོང་བ་ཧ་ཅང་གསལ་བོ་ཡིན་ལ། རྒྱ་ནག་གིས་ཤུགས་ཆེན་པོས་བོད་ཀྱི་གནད་དོན་འདིའི་ཆེད་དུ་ཛ་དྲག་གི་གནད་དོན་མང་པོ་ཞིག་ཡུ་རོབ་དང་རྒྱ་ནག་གི་བར་ནས་མཚམས་འཇོག་གནང་ངེས་མོད། ཡིན་ན་ཡང་ཡུ་རོབ་མཐུན་ཚོགས་ཀྱིས་འདི་ནི་ཆག་སྒོ་ཆེ་བའི་ཉམས་མྱོང་ཞིག་ལ་ངོས་འཛིན་འོག་མུ་མཐུད་ནས་རྒྱ་ནག་གཞུང་ལ་རོགས་རམ་བྱེད་རྒྱུའི་ལམ་ཁ་འཚོལ་གི་ཡིན། ཞེས་གསུངས་ཡོད་པར་རེད།


སྤྱི་ཟླ་ ༡༠ ཚེས་ ༢༩ ཉིན་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཡིས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང་བརྩི་བཀུར་ཡོང་བར་གཙིགས་ཆེན་གནང་མཁན་རྒྱལ་ཁབ་སུ་གཅིག་གིས་ཀྱང་བོད་ཀྱི་གནད་དོན་འདི་སྣང་མེད་ལ་འཇོག་ཐུབ་གི་མ་རེད་ལ། དཀའ་རྙོག་འདི་སེལ་རྒྱུའི་འདོད་པ་མེད་མཁན་ཡང་ཡོད་པ་མ་རེད་ཅེས་གསུངས་ཡོད་པར། སྐུ་ཞབས་ Metten  མཆོག་གིས་དེ་ལ་ཁ་སྣོན་དུ། རྒྱལ་སྤྱིའི་སྒང་ནས་དཀའ་རྙོག་འདི་ཞི་མོལ་གྱི་ལམ་ནས་སེལ་བར་རེ་བ་བརྒྱབས་པར་གྲུབ་འབྲས་མ་ཐོན་མོད། ད་ནི་སྔར་ལས་ལྷག་པའི་རྒྱབ་སྐྱོར་བྱེད་དགོས་པ་རེད། དེ་ལྟར་མ་བྱུང་ཚེ་ང་ཚོས་འཚེ་བ་མེད་པ་དང༌། ཞི་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་ཐག་གཅོད་བྱ་མ་ཐུབ་པའི་ལོ་རྒྱུས་ཤིག་འབྲི་གི་རེད། ཅེས་གསུངས་འདུག  

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།