སྐུ་དྲག་རིང་ལུགས་

24/05/2009 15:02

               སྐུ་དྲག་རིང་ལུགས་གསར་མ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༤༩ སྟེང་གི་རྩོམ་སྒྲིག་པའི་གཏམ།


ད་སྐབས་བོད་ནང་དུ་སྐུ་དྲག་གསར་པའི་རིགས་ཤིག་ཡོད་ལ། ཁོང་ཚོ་ནི་བོད་ཀྱི་སྤྱི་ཚོགས་རྙིང་བའི་ནང་

གི་སྐུ་དྲག་ཚོ་ལས་ཀྱང་ཆེས་མུན་ནག་གི་བསམ་བློ་དང་ཆེས་གདུག་རྩུབ་ཀྱི་སྤྱོད་པ་ཡོད་པར་བཤད།

གལ་སྲིད་ང་ཚོས་བོད་ནང་དུ་སྐུ་དྲག་གི་ལམ་ལུགས་སམ་བཀས་བཀོད་རྒྱུད་འཛིན་གྱི་བྲན་གཡོག་ལམ་ལུགས་

སྔ་ཕྱི་གཉིས་བྱུང་བར་བཤད་ཚེ། ༡༩༥༩ ལོའི་རྗེས་ནས་བྱུང་བའི་སྐུ་དྲག་ཚོ་ནི་སྐུ་དྲག་ལམ་ལུགས་གསར་མ་དེ་

ཡིན་པར་འདུག་ལ། ཁོང་ཚོ་ནི་བོད་ཀྱི་སྤྱི་ཚོགས་རྙིང་བའི་སྐུ་དྲག་དག་ལས་ཀྱང་གདུག་རྩུབ་ཆེ་ཞིང་། བོད་མི་

རིགས་ཀྱི་ཤ་ཁྲག་རུས་གསུམ་ཁྱུར་མིད་གཏོང་མཁན་དང་།  བོད་མི་རིགས་ཀྱི་བདེ་ཐབས་ལ་འགན་ཏིལ་འབྲུ་

ཙམ་མེད་མཁན་གྱི་གྲས་ཡིན་རབས་འདུག ཁུངས་སྐྱེལ་གསལ་ཤོས་ནི། བོད་ཀྱི་སྤྱི་ཚོགས་རྙིང་བའི་ཕྱུག་བདག་

དང་སྐུ་དྲག་ཚོ་ཡིན་ན་ཁོང་ཚོའི་ཡོང་འབབ་དང་ཁྲལ་དེ་ཞིང་བྲན་མི་དམངས་ཀྱི་ལག་ནས་ཡོང་གི་ཡོད་སྟབས། ཁོང་ཚོ་མ་མཐར་ཡང་མི་དམངས་ལ་བརྟེན་དགོས་ཀྱི་ཡོད་པ་རེད། འོན་ཀྱང་།    ད་ལྟའི་སྐུ་དྲག་གསར་པ་དག་

གིས་མི་དམངས་ཀྱི་ལག་ནས་ཁྲལ་བསྡུ་མི་དགོས་པར། ཁོང་ཚོ་ཐད་ཀར་པེ་ཅིན་ལ་བརྟེན་ཡོད་ཅིང་མི་དམངས་

ལ་བརྟེན་མི་དགོས་སྟབས། པེ་ཅིན་གྱི་བཀའ་བཀོད་མ་གཏོགས་བོད་མི་རིགས་ཀྱི་བདེ་ཐབས་ལ་འགན་ཁུར་རྩ་བ་

ནས་མེད་པར་བཤད།  གསར་དུ་བརྙེད་པའི་ཁུངས་སྐྱེལ་ལྟར་ན།  སྐུ་དྲག་དེ་དག་ནི་ཐོག་མར་རིག་གནས་གསར་

བརྗེའི་སྐབས་ནས་བྱུང་ཞིང་། རྒྱ་ནག་གི་ས་ཁུལ་གཞན་པ་དག་ཏུ་སྐུ་དྲག་འདིའི་རིགས་ནི་ ༡༩༨༠ གྱ་གྲངས་ནས་

རྩ་མེད་བཏང་ཡོད་ནའང་། བོད་ནང་དུ་སྐུ་དྲག་འདིའི་རིགས་ནི་པེ་ཅིན་ལ་བློ་ཧ་ཅང་དཀར་བར་བརྟེན། ད་བར་

དུ་དབང་ཆའི་སྟེང་དུ་བཞག་ཡོད་པར་བཤད།   དུས་རབས་ཉེར་གཅིག་པའི་ནང་རྒྱ་ནག་གི་བྲན་གཡོག་ཏུ་གྱུར་

བའི་བོད་རིགས་མི་དམངས་ཀྱིས་མི་འདི་དག་སུ་ཡིན་རེ་རེ་བཞིན་མཛུབ་མོ་མ་བཙུགས་ཀྱང་སེམས་ལ་གསལ་ལེར་

འཁོར་ཡོད། བོད་ལ་སྐུ་དྲག་རིང་ལུགས་གསར་མ་བྱུང་བའི་ཁུངས་སྐྱེལ་འདི་ནི་ལོ་སྔོན་མའི་ཕྱི་ཟླ་ ༣ པའི་ཚེས་

༡༤ དོན་རྐྱེན་གྱི་རྗེས་ནས་ཇེ་གསལ་དུ་གྱུར་ཞིང་། ཞིབ་འཇུག་གི་སྙན་ཐོ་འདི་ནི་པེ་ཅིན་ཁྲིམས་ལུགས་གཙུག་

ལག་སློབ་གྲྭས་བཙུགས་པའི་ཁྲིམས་དོན་མཉམ་འབྲེལ་ཞིབ་འཇུག་ལྟེ་གནས་ཁང་ཞེས་པའི་ཁྲིམས་ལུགས་མཁས་

དབང་འགའ་དང་། པེ་ཅིན་གྱི་དཔལ་འབྱོར་རིག་པའི་མཁས་དབང་འགའ་མཉམ་རུབ་ཀྱིས་བཏོན་ཡོད་པ་རེད།

རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་སྤྱི་ཚོགས་རྙིང་བ་རོ་ལངས་རྒྱག་རྩིས་རེད་

ཅེས་ནམ་རྒྱུན་བཤད་ཀྱིན་ཡོད་ནའང་།    དོན་དངོས་ཐོག་ཁོང་ཚོས་བོད་ནང་སྤྱི་ཚོགས་རྙིང་བ་ལས་སྡུག་པའི་

བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་དབང་བསྒྱུར་བྱེད་ཀྱིན་ཡོད་ལ། ལྷག་པར་དུ། བོད་རང་སྐྱོང་ལྗོངས་ཀྱི་

དམར་ཤོག་དྲུང་ཆེ་ཀྲང་ཅིན་ལི་སོགས་རྒྱ་རིགས་དཔོན་པོ་དེ་དག་ལ་བོད་ཀྱི་རིག་གཞུང་དང་ལོ་རྒྱུས།   དད་

འདུན། གོམས་སྲོལ་སོགས་ཀྱི་ཤེས་ཡོན་རྒྱབ་ལྗོངས་ཅི་ཡང་མེད་མཁན་གྲས་ཡིན་སྟབས།  བོད་མི་རིགས་ཀྱི་ད་

ལྟའི་དབང་བསྒྱུར་བ་རྣམས་ནི་སྔོན་མ་མི་རིགས་རང་གི་རིག་གཞུང་དང་རིགས་རུས་སུ་གཏོགས་པ་དག་ལས་

ཀྱང་སྡུག་པ་ནི་ཆོས་ཉིད་ལྟར་དུ་ལགས།
ད་ལྟའི་ཆར་གཞིས་ལུས་བོད་མི་རྣམས་ཀྱིས་རྒྱ་ནག་གི་འོག་ནས་ཞི་དྲག་གི་ལས་འགུལ་ཅི་འདྲ་ཞིག་སྤེལ་ཀྱང་། བོད་མི་ཚོའི་སེམས་ཀྱི་གྲ་སྒྲིག་ནི་རང་སྲོག་ཚད་ལ་འཛུགས་དགོས་པ་ཡིན་སྟབས།  ད་ལྟའི་བོད་ནང་གི་སྐུ་དྲག་

རིང་ལུགས་གསར་མ་འདིའི་འོག་ཏུ་བོད་མི་རྣམས་ཀྱིས་ཉིན་རྒྱུན་རང་སྲོག་གཅོད་པའི་ལས་ལ་གྲ་སྒྲིག་བྱེད་ཀྱིན་

ཡོད།

 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།