ལེའུ་ནག་པོ།

06/05/2009 16:51

གསར་དུ་ཕྱེས་པའི་ལེའུ་ནག་པོ།

 
 
བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༤༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

 

རྒྱ་གཞུང་གིས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་ཐོབ་སྟེ་མི་ལོ་ ༥༠ དང༌། བོད་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་གཉིས་ལྷན་གཅིག དགའ་སེམས་འཁོལ་བའི་ངང་པོ་ཏ་ལའི་ཐང་ཆེན་དུ་གཙི་སྲུང་བྱེད་ཀྱིན་ཡོད་མོད། བོད་མི་ས་ཡ་དྲུག་གི་སེམས་ངོགས་སུ་ཡ་ང་བའི་འདས་དོན་ཞིག་དང༌། ཞེ་མུག་པའི་སེམས་ཚོར་བ་ཞིག ཡིད་སྐྱོ་བའི་མདུན་ལྗོངས་ཤིག་གིས་བསྡམས་ཡོད་པ་གདོན་མ་ཟ།

 

ངོས་ཀྱི་ཕ་མེས་ཡང་མེས་དང་ངོས་ཀྱི་སྤོ་བོ་སྨོ་བོ་ཚོས་ཆེས་རྣམ་རྟོག་བྱེད་ཡུལ་དང༌། ཆེས་ཐན་ལྟས་སུ་བརྩི་བ་ནི་རྒྱ་མི་སྔོན་པོ་དང༌། གུང་ཁྲན་དམར་པོ། མི་དམངས་བཅིངས་གྲོལ་དང༌། བོད་ཡུལ་དུས་འགྱུར་ཟེར་བ་འདི་དག་ཡིན་ལ། དེས་ངའི་ཕ་མེས་ཡང་མེས་ཚོ་རྒྱ་མི་ལ་སྡང་སེམས་ཆེ་ཞིང༌། གུང་ཁྲན་ལ་དགའ་དད་མེད་པ། བཅིངས་གྲོལ་དམག་མིར་ཞེད་སྣང་ཆེ་བ་གསལ་བོར་བསྟན་ཡོད། དེ་ནི་དུས་རབ་ཉི་ཤུའི་སྟོད་ཀྱི་བོད་རྒྱའི་མི་རབས་དང་པོའི་ཛ་དྲག་གི་འབྲེལ་འདྲིས་ཐོག་མའི་འཆར་སྣང་རེད།

 

ངོས་ཀྱི་ཕ་མ་དང་ངོས་ཀྱི་ཁུ་བོ་ཚོས་ཆེས་འཇིགས་སྣང་བྱེད་ཡུལ་དང༌། ཆེས་སྡུག་སྐད་འདོན་ས་ནི་དམངས་གཙོ་བཅོས་བསྒྱུར་ཆེན་མོ་དང༌། གྲལ་རིམ་འཐབ་རྩོད་ཆེན་མོ། མི་དམངས་སྤྱི་ཁང་ཆེན་མོ་ཟེར་བ་འདི་དག་ཡིན་ལ། དེས་སྔར་གྱི་གནས་བབ་བཅོས་བསྒྱུར་ལ་མོས་མཐུན་མེད་པ་དང༌། གྲལ་རིམ་འཐབ་རྩོད་ནང་གཉའ་གནོན་དང་བརྙས་བཅོས་ཁུར་བ། མི་དམངས་སྤྱི་ཁང་དུ་བཀྲེས་ལྟོག་དང་མུ་གེ་མྱངས་བ་བསྟན་ཡོད། དེ་ནི་དུས་རབས་ཉི་ཤུའི་དུས་དཀྱིལ་གྱི་བོད་རྒྱའི་མི་རབས་གཉིས་པའི་དཀའ་སྡུག་གི་འཐབ་རྩོད་བར་མ་དེ་རེད། 

 

ངོས་ཀྱི་བླ་མ་དང་ངོས་ཀྱི་དགེ་རྒན་ཚོས་ཆེས་ཕངས་སེམས་བྱེད་ས་དང༌། ཆེས་གྱོང་རྒུད་དུ་བགྲང རྒྱུ་ནི་རིག་གནས་གསར་བརྗེ་ཆེན་མོ་དང༌། ཟིང་འཁྲུག་ཞོད་འཇགས་ཆེན་མོ། རྒྱལ་གཅེས་ཆོས་གཅེས་ཟེར་བ་འདི་དག་ཡིན་ལ། དེས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དགོན་སྡེ་དྲུག་སྟོང་ཤུལ་མེད་བཟོས་པ་དང༌། སྤུན་ཟླ་འབུམ་ཕྲག་བཅུ་གཉིས་ཀྱི་གཅེས་སྲོག་ཕྲོགས་པ། འགྲོ་བ་མིའི་དབང་བོ་རྣམ་ལྔ་ལོངས་སྤྱོད་ཀྱི་ཐོབ་སྐལ་སྒེར་བསྡོམས་བྱས་པ་བསྟན་ཡོད། དེ་ནི་དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་ཡས་མས་ཀྱི་བོད་རྒྱའི་མི་རབས་གསུམ་པའི་དམར་འཛིང་གི་བྱུང་རབས་མཐའ་མ་དེ་རེད།

 

འདི་དག་བྱིས་སྒྲུང་དང་ལྷན་དུ་ང་དང་ངོས་ཀྱི་སྤུན་ཟླ་མི་རིགས་ཐུན་མོང་གི་དོན་ལ་བབ་ཅིང་སྣོད་དུ་ལྷུང་བ། ཤ་ལ་འཐིམ་ཞིང་ཁྲག་ལ་འདྲེས་བ། པགས་ལ་བཀྲམས་ཤིང་རིས་ལ་ཞེན་པའི་ཆེས་བག་ཆགས་གཏིང་ཟབ་དེ་ཡིན། འོན་ཀྱང༌། ༧གོང་ས་མཆོག་གི་གུ་ཡངས་དཀྱེལ་ཆེ་ཡི་དགོངས་པ་རྒྱ་ཆེར་བཞེས་ཏེ། འདས་པའི་ལོ་རྒྱུས་རིང་དུ་དོར་ཏེ། མི་རབས་གསུམ་གྱི་ཞེ་འཁོན་དེ་དག་ཨུ་ཚུགས་ཀྱིས་བཟོད་བསྲན་བྱས་ཀྱང༌། དུས་རབས་ཉི་ཤུའི་གནམ་སྟོང་རྫོགས་ཏེ། དུས་རབས་ཉེར་གཅིག་གི་ཤོག་ལྷེ་གསར་དུ་ཕྱེས་མ་ཐག རྒྱ་གཞུང་གིས་སླར་ཡང་བོད་རྒྱའི་མི་རབས་བཞི་བའི་ལོ་རྒྱུས་ཀྱི་ལེའུ་ནག་པོ་ཞིག་ལ་དབུ་ཁྱུད་བྲིས་སོང༌།

 

དེ་རིང་བསྐྱར་དུ་ངོས་ཀྱི་མིང་སྲིང་དང་ངོས་ཀྱི་གྲོགས་པོ་ཚོས་ཆེས་བློ་ཕམ་བྱེད་ས་དང༌། ཆེས་ཁོང་ཁྲོ་ཟ་ཡུལ་ནི་གསུམ་གཅིག་བཞིའི་དྲག་གནོན་དང༌། རྡུང་རྡེག་ཚ་ནན་གྱི་བྱ་འགུལ། འཛིན་བཟུང་བཙོན་འཇུག་གི་མནར་གཅོད། ད་དུང་བོད་བཅིངས་གྲོལ་ཟེར་བའི་དུས་དྲན་སྲུང་གཙི་ཟེར་བ་འདི་ཡིན། ལོ་རྒྱུས་ཀྱི་ལེའུ་ནག་པོ་དེས་རྨ་ཁ་རྙིང་བར་ན་ཟུག་གསར་བ་བསླངས་ཤིང༌། འབྱུང་འགྱུར་བོད་པའི་མི་རབས་ཚ་རྒྱུད་ཀྱི་སྙིང་ལ། ཇི་སྲིད་བོད་དོན་བདེན་མཐའ་མ་སེལ་བར། དེ་སྲིད་རྩ་དོན་འཐབ་རྩོད་ཞོད་འཇགས་མེད་པའི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སོང༌།

 
Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།