ལག་དེབ་སེར་པོ་

06/08/2009 14:02

བེད་མེད་དུ་འགྱུར་བཞིན་པའི་དེབ་སེར་པོ།

འདི་ནི་བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་ ༢༤༠ ཐོག་རྩོམ་སྒྲིག་པའི་གཏམ།

 བོད་མི་གང་མང་ཞིག་རྒྱ་བལ་འབྲུག་གསུམ་ཁུལ་དུ་སྐྱབས་བཅོལ་ལ་ཡོང་ནས་གཞིས་ཆགས་གསར་འཛུགས་དང༌།

དགོན་སྡེ་དང་སློབ་གྲྭ་གསར་འཛུགས། བོད་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང༌། བོད་དོན་འཛམ་གླིང་གི་ཐོག་

ཏུ་དྲིལ་བསྒྲགས་སོགས་རླབས་ཆེ་བའི་གྲུབ་འབྲས་མང་པོ་ཞིག་བཞག་ཡོད།

རྒྱ་གར་གཞུང་གིས་བོད་རིགས་སྐྱབས་བཅོལ་བ་རྣམས་ལ་ཕྱི་བསྐྱོད་ལག་དེབ་སེར་པོ་ཟེར་བ་ཞིག་གནང་ནས་ད་བར་

བོད་གཞུང་གི་ལས་བྱེད་རྣམས་གཞུང་དོན་ཆེད་ཕྱོགས་བསྐྱོད་ལྟ་བུས་མཚོན་བོད་མི་རྣམས་ལག་ཁྱེར་འདིའི་ཐོག་ནས་

ཕྱིའི་རྒྱལ་ཁབ་ཏུ་འགྲོ་བཞིན་ཡོད།   ཉེ་བའི་ལོ་བཅུ་ཕྲག་གཅིག་ལྷག་ནས་བཟུང་བོད་མི་མང་པོ་ཞིག་ཕྱི་རྒྱལ་དུ་འགྲོ་

རྒྱུའི་དར་སོའམ་འགྲན་བསྡུར་ཆེན་པོ་ཞིག་གི་འོག་ནས་མགོ་བདེ་དྲན་འཕྲུལ་ཅན་མང་པོ་ཞིག་གིས་ནག་ཚོང་རྒྱག་

རྒྱུའི་གོ་སྐབས་བཟུང་བ་དང༌། བྱེད་ཐབས་འདྲ་མིན་ལ་བརྟེན་ནས་ཡིག་ཆ་རྫུན་མ་འདྲ་མིན་བཟོ་རྒྱུའི་གོམས་གཤིས་

ཀྱང་འཇགས་ཡོད་པ་ཡོངས་གྲགས་ལྟ་བུ་ཆགས་ཡོད། དེར་བརྟེན་ད་ལྟའི་ཆར་ལྡི་ལིར་ཡོད་པའི་གཞུང་ཚབ་ཕལ་མོ་

ཆེའི་ངོས་ནས་བོད་པ་ཞིག་སླེབས་པའི་སྐབས་སུ་སྐྱག་རྫུན་ག་འདྲ་ཞིག་བཤད་ཡོང་ངམ་བསམ་པའི་རྣམ་རྟོག་རང་

བཞིན་གྱིས་སླེབས་ཡོང་བ་ཞིག་བཟོས་ཡོད་འདུག་ལ།

 

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཁག་ཅིག་གི་ངོས་ནས་ཕྱི་རྒྱལ་ཁག་ལ་ཕྱོགས་བསྐྱོད་བྱེད་བཞིན་

ཡོད་པ་དང༌། དེ་དག་ཀྱང་ཕྱིར་ལོག་མི་བྱེད་མཁན་གང་མང་འབྱུང་བཞིན་པར་བརྟེན། ཕྱིའི་མི་རིགས་ཁག་གི་མིག་

ལམ་དུ་ཉིན་རེ་ནས་ཉིན་རེ་བཞིན་བོད་མིའི་བྱ་སྤྱོད་སྡུག་ཏུ་འགྲོ་བཞིན་པ་དང་བསྟུན་ནས་ཕྱི་བསྐྱོད་ལག་དེབ་སེར་

པོའི་རིན་ཐང་ཡང་ཆུང་དུ་འགྲོ་བཞིན་ཡོད་འདུག    ཕྱིའི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་དང་ལྟོ་གོས་ཀྱི་ཆེད་དུ་

བསྐྱོད་པ་དེ་ངོ་ཚ་དགོས་པ་ཞིག་དང༌། ཆེ་མཐོང་ཉམས་དགོས་པ་ཞིག་གཏན་ནས་མིན་ཡང༌། རྫུན་དང་གཡོ་སྒྱུའི་

ཐབས་ལམ་འབའ་ཞིག་ལ་བརྟེན་ནས་གནས་སྐབས་ཀྱི་ཁེ་ཕན་ཉི་ཚེ་བ་རེའི་ཆེད་དུ་བོད་མི་རིགས་ཀྱི་ཆེ་མཐོང་ཉམས་

གུད་དུ་གཏོང་བཞིན་པ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ལར་ཞེན་ལ་བསམ་བློ་གཏན་ནས་མ་བཏང་བ་ཞིག་ཏུ་གྱུར་

ཡོད།   རྒྱུ་མཚན་དེ་དག་ལ་བརྟེན་ནས་ལྡི་ལིར་ཆེད་འཛུགས་བྱས་པའི་ྋགོང་ས་མཆོག་དང་བོད་གཞུང་སྐུ་ཚབ་ཀྱི་

གཞུང་འབྲེལ་ལས་དོན་ཁག་ཀྱང་དུས་ཐོག་འགྲུབ་པར་འགལ་རྐྱེན་འཕྲད་བཞིན་ཡོད་པ་རེད།


    བོད་མི་ཁག་ཅིག་གིས་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་གི་ནང་དུ་ཕྱི་བསྐྱོད་ཐོངས་མཆན་ཞུས་ནས་མ་རག་པར་བརྟེན་

གཞུང་ཚབ་ཀྱི་ཤེལ་སྒོ་ལ་རྡོ་བརྒྱབ་པ་སོགས་གཞུང་ཚབ་མང་པོ་ཞིག་གི་མིག་ནང་དུ། བོད་པ་ནི་མ་རབས་ཐ་ཤལ་ཞིག་

ཏུ་བརྩི་བཞིན་པའི་གནས་ཚུལ་ཡོང་བཞིན་པ་མ་ཟད། གནམ་ཐང་ཁག་ཏུའང་གཞན་དང་མི་འདྲ་བར་ལག་དེབ་སེར་

པོ་ཁུར་མཁན་བོད་མི་རྣམས་ལ་རྟོག་ཞིབ་ནན་པོ་བྱེད་བཞིན་པ་སོགས་ཕྱོགས་ཡོངས་ནས་ད་ལྟའི་ཆར་ལག་དེབ་སེར་

པོའི་རིན་ཐང་དེ་ཉིན་རེ་བཞིན་མ་བསྡད་པར་མར་ཆག་བཞིན་པའི་སྒང་ཡིན་པ་དང༌།  མ་འོངས་པར་སྐྱབས་བཅོལ་

བོད་མི་རྣམས་ལ་རྒྱ་གར་གཞུང་གིས་གནང་བའི་ཕྱི་བསྐྱོད་ལག་ཁྱེར་སེར་པོ་དེ་ངོས་ལེན་གཏན་ནས་མེད་པའང་ཆཌ་

སྲིད། གནས་སྟངས་འདི་དག་གི་འོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་བསམ་བློ་ཞིག་བཏང་ན། མི་

གསོད་ཁྲག་སྦྱོར་བྱེད་མཁན་ཞིག་མཐོང་རྒྱུ་མེད་ལ། རྐུན་ཇག་ཁྲམ་གསུམ་བྱེད་མཁན་ཡང་མཐོང་ཡུལ་དུ་མེད། བཙན་

བྱོལ་སྤྱི་ཚོགས་ནང་གོང་དུ་བརྗོད་པ་བཞིན་ཡིག་ཆ་རྫུན་མ་འདྲ་མིན་བཟོ་མཁན་མང་པོ་ཡོང་བཞིན་ཡོད་པས་དེབ་

སེར་པོའི་ཐོག་ཐོངས་མཆན་རག་མཁན་དཀོན་པོ་ཆགས་བཞིན་ཡོད།  ད་ལྟའི་ཆར་ནང་མི་ཟླ་སྒྲིལ་གྱི་ཐོག་ནས་ཕྱིའི་

རྒྱལ་ཁབ་ཁག་ཏུ་འགྲོ་རྒྱུའི་ལམ་ཁ་དེ་སྟབས་བདེ་ཤོས་ལྟ་བུ་ཆགས་ཡོད་མོད། ཕྱོགས་གཉིས་ཀའི་དང་བླངས་དཔྱ་ཁྲལ་

ལག་དེབ་ཏུ་འཁོད་པའི་མིང་དང་སྐྱེས་ལོ་སྐྱེས་ཚེས་སོགས་མི་གཅིག་པར་བརྟེན་ནང་མི་ཟླ་སྒྲིལ་གྱི་ཡིག་ཆའང་རག་

ཐབས་མེད་པ་དང༌།    བོད་གཞུང་དཔལ་འབྱོར་ལས་ཁུངས་ནས་གཏན་འབེབས་གཞིར་བཟུང་ཆ་རྐྱེན་མ་ཚང་བར་

ལག་དེབ་ལྗང་གུའི་ནང་གི་མིང་དང་སྐྱེས་ལོ་སྐྱེས་ཚེས་སོགས་བཟོ་བཅོས་གནང་གི་མེད་པར་བརྟེན། ད་ལྟའི་ཆར་ལག་

དེབ་ལྗང་གུ་རྫུན་མ་བཟོ་མཁན་མང་དུ་འགྲོ་བཞིན་ཡོད།   སྤྱིར་འཛམ་གླིང་གི་ཁོར་ཡུག་ཀུན་ཏུ་ྋགོང་ས་མཆོག་གི་

ཚན་མཐོང་དང་མཉམ་དུ་བོད་མི་རིགས་ཀྱི་མཐོང་དང་ཆ་འཇོག་ཀྱང་འགྲོ་བཞིན་ཡོད་ལ།

ྋགོང་ས་མཆོག་གི་ཀུན་སྤྱོད་དེ་བོད་མི་སྤྱིའི་སྤྱོད་ལམ་གྱི་ཚད་གཞི་ལྟ་བུར་ཡང་ངོས་འཛིན་བྱེད་མཁན་བྱུང་མྱོང༌།

ྋགོང་ས་མཆོག་གིས་ཀྱང་བོད་མི་རིགས་ནི་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་ཡིན་ཚུལ་ལན་གཅིག་མིན་པར་

ཡང་ཡང་གསུངས་བཞིན་ཡོད་ཀྱང༌།   ད་ལྟའི་ཆར་བོད་མི་ཁག་ཅིག་གི་བྱེད་སྟངས་ལ་བརྟེན་ནས་ྋགོང་ས་མཆོག་

ལའང་སྐུ་ངལ་བཟོ་བཞིན་པ་ལྟ་བུར་གྱུར་འདུག   །།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།