ལ་རྩེའི་དར་ལྕོག

12/12/2009 12:50

                 ལ་རྩེའི་དར་ལྕོག

ཁྱེད་ནི་སྤྱིར་བཏང་རས་ལས་གྲུབ་པའི་དར་ལྕེ་ཞིག་ཡིན་ལ། འོན་ཀྱང་། ཁྱེད་ནི་རང་གི་རིན་ཆེན་ཚེ་སྲོག་

གཞན་ཕན་གྱི་ཆེད་དུ་ལེགས་སྐྱེས་སུ་འབུལ་བར་སྤྲོ་ཞིང་དུས་འདས། ཡིན་ཡང་། ཁྱེད་ལ་ཟ་འོག་གི་གོས་

དང་མཚུངས་པའི་བཀྲགས་མདངས་དང་གཟི་བརྗིད་མེད་མོད། རང་ཉིད་ཀྱི་ཡོད་ཚད་མཐོ་ཞིང་བརྗིད་

ཆགས་པའི་ལ་རྩེའི་རྒྱན་དུ་འབུལ་བ་ནི་ཇི་མི་སྙམ་པའི་རླབས་ཆེན་གྱི་སྙིང་སྟོབས་ལགས།  ཁྱེད་ཀྱི་རིན་

ཆེན་ཚེ་སྲོག་གི་གཟི་བྱིན་དང་ནུས་པ་ནི་ལ་རྩེ་ནས་བརྟས་པ་དང་། ཁྱེད་ཀྱི་ཚེ་སྲོག་གི་གཟི་བྱིན་་དང་ནུས་

པ་ཡང་ལ་རྩེ་ནས་སྡུད་པར་བྱེད། ཁྱེད་ནི་རྟག་ཏུ་རང་སྐྱིད་ཚོར་བར་འཚོལ་སྙེག་མི་བྱེད་ལ། བག་མེད་དང་

རྒྱས་སྤྲོས་ལོངས་སྤྱོད་ཀྱིས་ལ་རྩེ་རྒྱབ་ཏུ་དེ་བས་དོར་བ་མི་བྱེད།

དར་ལྕོག

  ད་དུང་། ཁྱེད་ཀྱི་དྲི་མེད་ནམ་མཁའ་ལྟར་དྭངས་བའི་དར་ལྕེ་སྔོན་པོའི་འོག་ལྷག་བསམ་གངས་དཀར་གྱི་

དཔལ་ལ་འགྲན་པའི་དར་ལྕེ་དཀར་པོ་ལྷབ་ལྷུབ་ཏུ་གཡོ་ཞིང་།  གཟིན་བྱིན་མེད་ལྟར་ཚ་བའི་དར་ལྕེ་དམར་

པོ་དགུང་ལ་ཕྱུར་བ་དང་།   དབྱར་གྱི་ཆུ་གཏེར་ཆེན་པོའི་རྒྱུན་ལ་འགྲན་པའི་བརྩོན་འགྲུས་ཀྱི་དར་ལྕེ་ལྗང་

གུས་ལ་རྩེའི་ཚེ་སྲོག་ལ་གསོན་ཤུགས་བྱིན་པ་དང་།  ད་དུང་དེ་ལས་ཆེས་ངོ་མཚར་ཆེ་བ་ནི་འགྱུར་མེད་རིན་

ཆེན་གསེར་གྱི་རང་བཞིན་དུ་གྲུབ་པའི་དར་ལྕེ་སེར་པོས་ལ་རྩེའི་ཁྲོད་དུ་མཚར་སྡུག་རྣམ་པར་བཀྲ་བའི་ཕུན་

ཚོགས་སྡེ་བཞིའི་དཔྱིད་ཀྱི་དཔལ་ཡོན་མགྲོན་དུ་འགུགས་པར་བྱེད་པ་ནི་ཇི་འདྲའི་གཟི་བརྗིད་ལགས། རེད་

ཡ། ཁྱེད་ལ་ང་རྒྱལ་དང་ཁེངས་དྲེགས་ཀྱི་དྲི་མ་མེད་ལ། ཞེ་སྡང་དང་འཁོན་སེམས་ཀྱི་རྩུབ་རེག་ནི་དེ་བས་

མེད། ཁྱེད་ནི་རྣམ་པ་ཀུན་ཏུ་མཐོ་ཞིང་བརྗིད་པའི་ལ་རྩེའི་ཁྲོད་དུ་གནས་ཤིང་། ལ་རྩེའི་གསང་བ་ཐམས་

ཅད་ཁྱེད་ཀྱི་བཞིན་རས་ཀྱི་ངོས་སུ་གསལ་ལ། ལ་རྩེའི་མངར་སྐྱུར་གྱི་འཚོ་བ་དང་ལྐོག་གྱུར་གྱི་ལས་དབང་

ཡང་ཁྱེད་ཁོ་ནས་ཤེས།

ད་དུང་། ཁྱེད་ནི་རྙེད་བཀུར་སྙན་གྲགས་ཀྱི་དུག་ཆུ་མི་ལྟར་ཞིང་། དུས་བཞིའི་ཚ་གྲང་གི་དཀའ་སྡུག་ཁྲོད་

རང་ཉིད་ཀྱི་ཡོད་ཚད་ནས་ཡོད་ཚད་ལ་རྩེའི་འབྱུང་འགྱུར་ཆེད་དུ་འབུལ་བའི་སྤོབས་སེམས་དང་། ལྷག་

བསམ་དཀར་པོའི་ཕུགས་འདུན་ནི་སུ་ཡིས་ཤེས།  ཁྱེད་ནི་མཁར་སྟེང་གི་དར་ལྕེའི་སྒེང་ཆོས་དང་མཛེས་

སྡུག་ལ་ཡིད་སྨོན་གཏན་ནས་མེད་བྱེད་ལ། རང་ཉིད་ཀྱི་ནུས་པ་ཉག་གཅིག་ལ་བརྟེན་ནས་འཚོ་གནས་

བྱེད་པ་ནི་རླབས་ཆེན་གྱི་ཕུགས་བསམ་ཞིག  དེ་ལྟར་ཁྱེད་ཀྱི་རླབས་ཆེན་གྱི་སྙིང་སྟོབས་དང་། ཞུམ་པ་མེད་

པའི་སྤོབས་སེམས་ལ་སུ་ཞིག་གིས་ཚོར་རྟོགས་བྱུང་ནའང་།  དེ་ནི་ཁྱེད་ཀྱི་ཚོན་མདངས་རྣམ་པས་བཀྲ་བའི་

དར་ལྕེའི་གྲིབ་བསིལ་ལས་བྱུང་ཞིང་། དེ་དག་ཀྱང་མཐོ་ཞིང་བརྗིད་པའི་ལ་རྩེའི་མ་འོངས་པའི་ཕུགས་

བསམ་དང་རེ་བ་ཡིན་པས།  དེ་ལྟ་བུའི་ལྷད་མེད་ཀྱི་དར་ལྕོག་ལ་ཡང་ངའི་སྙིང་དབུས་ཀྱི་སྲིད་ན་རིང་

བའི་ཁ་དར་དཀར་པོ་དེ་འབུལ་བར་སྤྲོ།  ལ་རྩེའི་ལ་ལྕོག་ལགས་་་་་།།               །། 

                                                           དཀོན་མཆོག་ནས་སྨིན་ཟླའི་སྤྱི་ཚེས་༡༢་ཉིན་ལ།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།