རྫ་སྟོད་ཡུལ་ཚོ་རུ་བོད་རང་བཙན་གྱི་སྐད་འབོད

08/02/2012 10:24

 

རྫ་སྟོད་ཡུལ་ཚོ་རུ་བོད་རང་བཙན་གྱི་སྐད་འབོད་བྱས་འདུག

བོད་ཀྱི་བང་ཆེན།

ཟླ་འདིའི་ཚེས་༦ ཉིན་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཚེས་༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤  པའི་ཐོག་བོད་ཁམས་ཕྱོགས་ཁྲི་འདུ་རྫོང་། རྫ་སྟོད་ཁང་དམར་གྲོང་ཁུལ་ནས་ཡིན་པའི་བོད་མི་བཞི་ཡིས་བོད་རང་བཙན་སྐད་འབོད་བྱས་པས། རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་འདུག རྒྱ་ནག་གིས་ས་ཆ་བཅད་བགོས་བྱེད་སྟངས་ལྟར་ན་མཚོ་སྔོན་ཞིང་ཆེན་གྱི་ཁོངས་གཏོགས་ཁྲི་འདུ་རྫོང་། རྫ་སྟོད་ཁང་དམར་གྲོང་ཁུལ་ནས་ཡིན་པའི་བོད་མི་ཚེ་རིང་དཔལ་ལྡན་དང་། ཚེ་རིང་བཟང་པོ། ཚེ་རིང་བཀྲ་ཤིས། རྡོ་རྗེ་བཅས་ཀྱིས་རྫ་སྟོད་ཤང་གི་ཉེན་རྟོག་པའི་ལས་ཁང་སྒོ་འགྲམ་ནས་“བོད་རང་བཙན་ཡིན་པ་དང་། བོད་ལ་རང་དབང་མི་འདུག ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་དགོས།” ཞེས་སྐད་འབོད་ངོ་རྒོལ་བྱས་ཡོད་འདུག སྐབས་དེར་རྫ་སྟོད་ཡུལ་ཚོ་ཡི་རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣས་ཞི་རྒོལ་བ་ཁོང་ཚོ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ཞི་རྒོལ་བ་རྣམས་ཉིན་དེར་ཁྲི་འདུ་རྫོང་དུ་ཁྲིད་ཡོད་འདུག ད་ལྟའི་ཆར་ཁོང་ཚོའི་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག ཞི་རྒོལ་བ་ཁོང་བཞི་ནི་ལོ་ན་༣༠ ནས་༤༠ བར་གྱི་གཞོན་སྐྱེས་ཁོ་ན་ཡིན་འདུག སྤྱིར་འདི་ལོར་ཁྲི་འདུ་རྫོང་དང། སྐྱེ་རྒུ་མདོ་སོགས་ས་ཁུལ་ཆེ་ཁག་དག་ཏུ་རྒྱ་གཞུང་གི་ཉེན་རྟོག་པའི་ས་ཚུགས་བཟོས་པ་དང་། བོད་མི་འགྲུལ་བཞུད་པ་སོགས་ལ་རྟོག་ཞིབ་ནན་མོ་བྱེད་བཞིན་ཡོད་པ་དང་། ལྷག་པར་དེང་སྐབས་ཁྲི་འདུ་རྫོང་ཁོངས་ཀྱི་བོད་མི་ཚོས་ནང་ཁུལ་ལག་ཐོག་ཁ་པར་བརྒྱུད་འདི་ལོར་ཁམས་བྲག་མགོ་དང་གསེར་རྟ། ཨ་མདོ་རྔ་པ་སོགས་སུ་བོད་མི་ཞི་རྒོལ་བ་དམར་གསོད་གཏོང་གི་ཡོད་པའི་སྐོར་དང་། རང་ལུས་མེར་བསྲེགས་བྱེད་མཁན་དག་ལ་གདུང་སེམས་མཉམ་བསྐྱེད་ཞུ་དགོས་པ་ལས། ལོ་གསར་གྱི་དགའ་སྟོན་བྱེད་མི་ཉན་པའི་སྐོར་ཤུགས་ཆེར་གླེང་བཞིན་ཡོད་འདུག །མེ་སོར་གསར་འགོད་པས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།