རྨོངས་དད་ཀྱི་ཆབ་སྲིད།

06/06/2009 17:01

རྨོངས་དད་དང་འདྲེས་པའི་ཆབ་སྲིད།

བང་ཆེན་སྤྱིའི་འདོན་ཐེངས་ ༢༢༣ ཐོག་གི་ཆེད་བརྗོད།

བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་མི་མང་པོ་ཞིག་གིས་རྒྱུ་མཚན་དང་གནས་ལུགས་གང་ཡང་

བགྲང་རྒྱུ་མེད་པར་རྨོངས་དད་ཙམ་ལ་བརྟེན་ནས་དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་མཁན་ཡིན་ཚུལ་

བརྗོད་མཁན་མང་པོ་ཡོད་པ་དང༌།     རང་ཉིད་ཀྱི་སྣང་བར་མི་འགྲོ་བའི་མི་ཞིག་ནག་པོ་བཟོ་ཐབས་

སུ་དམིགས་ནས་གང་ཟག་ཆེ་གེ་མོ་དག་གིས་ྋགོང་ས་མཆོག་ལ་སྐུར་འདེབས་དང་དབུ་མའི་ལམ་ལ་

སྐྱོན་བརྗོད་བྱེད་ཀྱི་ཡོད་སྟབས། ང་ཚོ་ྋགོང་ས་མཆོག་དང་དབུ་མའི་ལམ་སྲུང་སྐྱོབ་བྱེད་མཁན་ཡིན་

མདོག་སྟོན་མཁན་ཡང་ཡོང་གི་ཡོད། ཡང་ཁག་ཅིག་གིས་བོད་གཞུང་གི་མཛད་གཙོ་རེ་ཟུང་ཞིག་སྣང་

བར་མི་འགྲོ་བ་རྒྱུ་མཚན་དུ་བྱས་ནས་རང་ཉིད་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་ཡན་གར་བ་གང་ཡང་མེད་

ཀྱང༌།    རང་བཙན་ཡིན་མདོག་གིས་གཞུང་གི་མཛད་གཙོ་རྣམས་ལ་ཁ་གཏོང་བ་སོགས་ཆབ་སྲིད་ཀྱི་

ཟློས་གར་འདྲ་མིན་ཞིག་འཁྲབ་བཞིན་ཡོད་པ་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་མིག་སྔའི་ཆབ་

སྲིད་ལངས་ཕྱོགས་ཐད་ཀྱི་གནས་ཚུལ་ཐབས་སྡུག་ཤོས་དག་རེད། འདི་དག་ལ་བརྟེན་ནས་དོན་དངོས་

ཐོག་ཡིད་ཆེས་དང་ངེས་པ་རྙེད་ནས་ལམ་དབུ་མར་ཤར་བསྐྱོད་བྱེད་མཁན་དང༌། བོད་རང་བཙན་མ་

གཏོགས་བོད་ལ་མཐར་ཐུག་གི་ཁེ་ཕན་འཐོབ་མི་སྲིད་པར་ངེས་ཤེས་དང་ལངས་ཕྱོགས་བརྟན་པོའི་ཐོག་

ནས་རང་བཙན་རྩོད་ལེན་ཆེད་ཧུར་བརྩོན་བྱེད་མཁན་དག་ལ་ཤུགས་རྐྱེན་ངན་པ་སྤྲོད་བཞིན་ཡོད། བོད་

པའི་སྤྱི་ཚོགས་ནང་གི་ལམ་དབུ་མ་དོན་གཉེར་བ་དང་ལམ་དབུ་མ་ཁ་འཁྱེར་བ། རང་བཙན་དོན་གཉེར་

བ་དང་རང་བཙན་ཁ་འཁྱེར་བ་བཅས་ཀྱི་ཁྱད་པར་གསལ་པོ་ཤེས་དགོས་པ་དང༌། མི་མང་གི་ངོས་ནས་

རང་རང་གིས་དབྱེ་ཞིབ་གསལ་པོ་བྱེད་དགོས།     ཆབ་སྲིད་ཀྱི་ལངས་ཕྱོགས་ག་འདྲ་ཞིག་བཟུང་ཡང་

རུང་རང་ཉིད་ཀྱིས་ངེས་ཤེས་དང་ཡིད་ཆེས་ཡོད་པ་ཞིག་གི་ཐོག་ཏུ་བསྐྱོད་ཐུབ་པ་བྱེད་དགོས་པ་ལས།

གོང་དུ་བཀོད་པ་བཞིན་རྨོངས་དད་ཙམ་དང༌།  གང་ཟག་རེ་ཟུང་སྣང་བར་མི་འགྲོ་བའི་རྒྱུ་མཚན་ལ་

བརྟེན་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བཟུང་བ་ནི་མི་སྐྱ་ཕོ་མོ་རྒན་གཞོན་སུ་ཡིན་ནའང༌། ཡང་དག་པ་

ཞིག་རྩ་བ་ཉིད་ནས་མིན་པས།     དེ་ལྟ་བུའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་ནི་བྱེ་མའི་འཆིང་བུ་བཞིན་

འཇིག་ཆོག་ཆོག་དང་གཏད་སོ་གང་ཡང་མེད་པ་ཞིག་ཏུ་གྱུར་པ་རེད།


ཉེ་བའི་ཆར་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་མའི་ལམ་གྱི་ལས་

འགུལ་གྱི་ཚོགས་འདུའི་ཐོག་སོ་སོར་ངེས་པ་མེད་པར་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ལབ་པ་ཡིན་ན།

རྨོངས་དད་ཟེར་བ་དེ་རེད། ྋརྒྱལ་བ་རིན་པོ་ཆེས་གསུངས་པ་རེད་ཅེས་དེའི་རྗེས་སུ་ཕྱིན་པ་ཡིན་ན་

རྨོངས་དད་ཆགས་པ་རེད། རྨོངས་དད་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ཕན་ཐོགས་གང་ཡང་ཡོད་

མ་རེད། ཆོས་ལ་རྨོངས་དད་ཀྱིས་ཕན་ཐོགས་ཡོད་མ་རེད་དེ། སྐབས་རེ་རྨོངས་དད་རང་གི་ཐོག་ནས་

དད་པ་ཙམ་འགྲུབ་རྒྱུ་ཡོད་རེད། ཆབ་སྲིད་ཀྱི་ཐོག་ལ་རྨོངས་དད་ཀྱིས་བསྒྲུབ་བྱ་འགྲུབ་རྒྱུ་གང་ཡང་

ཡོད་མ་རེད།   ཅེས་གསུངས་པ་བཞིན་དངོས་ཡོད་གནས་ཚུལ་རྣག་ཐོག་གཙགས་འཁེལ་གྱི་གདམ་

ངག་ཅིག་གནང་འདུག་པ་དེ་གཙོ་བོ་མི་མང་གི་ངོས་ནས་གསལ་པོ་ཤེས་དགོས་པའི་གནད་དོན་གལ་

ཆེན་ཞིག་ཏུ་གྱུར་ཡོད།   ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་ཡོད་དགོས་པ་དང་རང་ཉིད་ཀྱི་ལངས་

ཕྱོགས་དེར་འགྲེལ་བཤད་ཀྱང་རྒྱག་རྒྱུ་ཡོད་པ་ཞིག་ངེས་པར་དུ་དགོས།   མང་གཙོའི་སྤྱི་ཚོགས་ཀྱི་ཁེ་

ཕན་ཆེ་ཤོས་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བ་ཡོད་ཆོག་པ་དང༌། དེ་ཡང་རང་དབང་གི་ཐོག་

ནས་བརྗོད་ཆོག་པ་ཞིག་དགོས་པ་དེ་རེད། ཁྲིམས་ལུགས་ཀྱི་ཐོག་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་

ནང་མང་གཙོའི་རང་དབང་ཆ་ཚང་ཡོད་ཀྱང༌། སྐབས་རེ་བོད་པའི་སྤྱི་ཚོགས་ནང་མང་གཙོ་ཡང་ཁ་

གཡང་ཙམ་དུ་ལུས་ནས་དོན་དངོས་ལག་ལེན་དུ་བསྟར་བར་འགལ་རྐྱེན་མང་པོ་འཕྲད་བཞིན་ཡོད་

པ་དང༌། ཆབ་སྲིད་ཀྱི་ལངས་ཕྱོགས་སམ་ལྟ་གྲུབ་མི་མཐུན་པའི་རྐྱེན་གྱིས་རྩོད་པ་ཇི་ལྟར་ཤོར་ཡང༌།

དེ་མི་སྒེར་གྱི་འཁོན་འཛིན་དུ་འགྱུར་མི་རུང་བ་དང༌།    དེ་ལྟར་གྱུར་ན་མང་གཙོའི་གོམས་གཤིས་

ཀྱི་རྒྱུན་ཤེས་ཕྲན་བུ་ཙམ་ཡང་མེད་པའི་རྟགས་ཡིན་པ་ཡོངས་གྲགས་ཀྱི་བཤད་སྟངས་ཤིག་ཏུ་གྲུབ་ཟིན་

པས།  མི་སྒེར་གྱི་འཁོན་འཛིན་དེ་ཆབ་སྲིད་ལངས་ཕྱོགས་དང་བསྲེ་ཐབས་བྱེད་པ་ནི་དེ་བས་ཀྱང་མང་

གཙོ་ཡར་རྒྱས་ཀྱི་འགོག་རྐྱེན་ཆེ་ཤོས་སུ་གྱུར་ཡོད།    དེར་བརྟེན་ཇི་སྲིད་རྨོངས་དད་དང་སྒེར་འཁོན་

གཞི་རྩར་བཟུང་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་འཛིན་མཁན་གྱི་སྲིད་དོན་ཁ་འཁྱེར་བའི་མི་སྣ་འདི་དག་

རྩ་མེད་དུ་མ་སོང་བ་དེ་སྲིད་དུ་བོད་པའི་སྤྱི་ཚོགས་ནང་ཡང་དག་པའི་མང་གཙོའི་གོམས་གཤིས་དེ་ཡང་

འཇགས་ཐུབ་ཐབས་གཏན་ནས་མེད་ཅེས་བརྗོད་ཆོག་པར་མཐོང༌།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།