རྒྱ་ནག་ལ་རྒྱང་ལྟ།

30/12/2008 19:02

 

ཉིས་སྟོང་དགུ་ལོའི་རྒྱ་ནག་ལ་རྒྱང་ལྟ།

 


ཉིས་སྟོང་བརྒྱད་ལོའི་བོད་ནང་གི་ཞི་རྒོལ་དང༌། སི་ཁྲོན་ས་ཡོམ། ཨོ་ལིམ་པིག་རྩེད་འགྲན་གསུམ་ནི་རྒྱ་ནག་རང་ལ་བྱུང་བའི་དོན་རྐྱེན་ཆེ་ཤོས་གསུམ་ཡིན་ལ། འདི་དག་གི་ཞོར་དུ་འཕྲད་པའི་དོན་རྐྱེན་གཅིག་ནི་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཆེན་མོ་དེ་ཡིན་ལ། རྒྱ་ནག་ལ་འདིའི་ཤུགས་རྐྱེན་ཡང་ཆུང་ཆུང་ཞིག་གཏན་ནས་མིན། ལྷག་པར་དུ་ ༢༠༠༩ ལོའི་རྒྱ་ནག་ལ་རྒྱང་ལྟ་བྱེད་སྐབས་དཔལ་འབྱོར་ཉམས་རྒུད་ཀྱི་ཤུགས་རྐྱེན་འོག་ནས་ཐད་ཀར་དུ་ཞི་བདེའི་རྒྱ་མཚོའི་མཚོ་ཐོག་ལ་ལྟ་དགོས་པར་བཤད།


ང་ཚོས་རྒྱ་ནག་གི་ཁ་ཕྱོགས་ལ་འཁྱུག་ལྟ་ཙམ་བྱེད་སྐབས་ཐོག་མར་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནས་བབ་ལ་ལྟ་དགོས་པར་འདོད། ཉམས་ཞིབ་པ་ཚོ་ལྟར་ན། ༡༩༧༨ ལོ་ནས་བཟུང་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ལ་འབྲེལ་བ་འཛིན་པའི་ཐོག་ནས་རང་གི་དཔལ་འབྱོར་གོང་སྤེལ་གྱི་གཞི་བཏིངས་ཡོད་ལ། ལྷག་པར་དུ་དཔལ་འབྱོར་ཡར་རྒྱས་ཀྱི་མཆོངས་སྐྱོད་ཆེན་པོ་འདི་གཙོ་བོ་ཕྱིར་བཙོང་གི་ཐོག་ནས་སླེབས་ཡོད་པ་རེད།


རྒྱ་ནག་ལ་མཚོན་ན་འཛམ་གླིང་དཔལ་འབྱོར་གྱི་ཉམས་རྒུད་དེ་ཇི་འདྲའི་ཉེན་ཁ་ཆེན་པོ་ཞིག་ཆགས་དོན་ཡང་དཔལ་འབྱོར་གྱི་ཁ་ཕྱོགས་འདིའི་རྐྱེན་གྱིས་ཡིན་འདུག་ལ། གལ་སྲིད་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཉོ་མི་ཐུབ་པའི་གནས་སྟངས་ཤར་ཚེ། རྒྱ་ནག་གིས་བཙོང་མི་ཐུབ་པ་ནི་ཆོས་ཉིད་དུ་གྱུར་ཡོད།


པེ་ཅིན་གྱི་ཚོང་ལས་ཆེད་གཉེར་སློབ་གྲ་ཞིག་གི་སློབ་དཔོན་ལོའུ་ཅིན་ཞུ་བས་ཕྱི་ཚེས་ ༢༧ ཉིན་བྷེ་བྷེ་སི་ལ་བརྗོད་དོན། ད་སྐབས་འཛམ་གླིང་ཡོངས་ཁྱབ་ཀྱིས་རྒྱ་ནག་གི་ཕྱིར་བཙོང་ཅ་དངོས་མི་ཉོ་རྒྱུའི་དགོས་འདུན་ཤུགས་ཆེར་འདོན་གྱི་ཡོད་སྟབས། རྒྱ་ནག་གི་ཚོང་རྫས་ཕྱིར་འདྲེན་བྱ་བ྄རྒྱུ་ཁག་པོ་ཆགས་ངེས་ཤིང༌། རྒྱ་ནག་མི་དམངས་ཀྱིས་མ་འོངས་པའི་ཕྱོགས་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག


རྒྱ་ནག་ལྷོ་ཕྱོགས་ཀྱི་བཟོ་གྲ་སྟོང་ཕྲག་འགའ་ད་སྔ་ནས་སྒོ་བརྒྱབས་ཡོད་པ་དང༌། ལས་མེད་ཀྱི་གྲངས་ཀ་དང་ཟིང་ཆའི་སྐད་མགོ་རིམ་བཞིན་ཇེ་མཐོར་འགྲོ་གི་ཡོད། རྒྱ་ནག་དབུས་གཞུང་གིས་སྐྱེལ་ཀ་གཅོག་འཕྲི་དང༌། ཚོང་ལས་དཔལ་འབྱོར་མུ་མཐུད་དུ་འགྲོ་ཐུབ་པའི་ཆེད་དུ་ཕོན་ཆེའི་མ་དངུལ་ཟུར་འཇོག་བྱེད་ཀྱི་ཡིན་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།


རྒྱ་ནག་ ༢༠༠༩ ལོར་གང་དུ་ཕྱོགས་མིན་ནི་ཞི་བདེ་རྒྱ་མཚོའི་མཚོ་ཐོག་ནས་ཐག་གཅོདབྱེད་དགོས་པར་བརྗོད་ལ། ཐག་རིང་ནས་བལྟ་དུས། མཐོ་ཐོག་ཏུ་དོ་སྐྱེལ་གྲུ་གཟིངས་ཆེན་པོ་དག་ནག་ཡོར་ཡོར་གཤར་ངེས་ལ། མཐོ་ཐོག་གི་གྲུ་གཟིངས་ཇི་ཙམ་མང་ན། རྒྱ་ནག་གི་ཚོང་ལས་དེ་ཙམ་གྱིས་རྒྱུག་གི་ཡོད་ཅིང༌། དཔལ་འབྱོར་ཡང་དེ་བཞིན་གྱིས་ཇེ་ཡག་ཡིན་གི་རེད་ཟེར། འདི་ལྟར་ད་སྐབས་འཛམ་གླིང་ཡོངས་ཀྱིས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་མགྱོགས་ཤོས་ཀྱི་རྒྱལ་ཁབ་དེར་ད་ལྟའི་དཔལ་འབྱོར་གྱི་ཉམས་ཉེས་ཆེན་པོ་འདིས་ཇི་ལྟར་གཞུ་བར་བལྟས་ཡོད་པ་རེད།


ཆབ་སྲིད་ཀྱི་ཐད་ནས་རྒྱ་ནག་ལ་འཆར་ལོར་ཉེན་ཁ་ཞིག་ཡོད་ཚེ། དེ་ནི་ཁག་ཅིག་གིས་ཚོད་དཔག་བྱེད་ཀྱིན་པའི་ ༢༠༠༩ ལོའི་བོད་ནང་གི་ཞི་རྒོལ་ཆེན་མོ་དེ་མིན་པར་འདོད་ལ། བོད་མ་ཡིན་པའི་གྲངས་ཉུང་མི་རིགས་གཞན་གྱི་རང་དབང་འཐབ་རྩོད་ཀྱི་མེ་ལྕེ་ཡང་མཐོང་ཚོད་དང་དཔག་ཚོད་དུ་མེད་པར་འདོད། ཡིན་ཡང༌། ཐེངས་འདིར་རང་དབང་གི་མེ་ལྕེ་ཞིག་མཐོང་བཞིན་པ་ནི་ཞིང་བ་དང་བཟོ་བ་དག་གི་ལྟོགས་སྐོམ་གྱི་མེ་ལྕེ་དང་མཉམ་དུ་འབར་ངེས་པའི་རྒྱ་ནག་གི་ཤེས་ཡོན་པ་རྣམས་ཀྱི་རང་དབང་དང་དམངས་གཙོའི་ལས་འགུལ་དེ་ཡིན་པར་འདོད།


ལར་ནས་པེ་ཅིན་དང་ངྷ་ས་གཉིས་ཀའི་ཚོད་དཔག་གིས་མ་འདང་བར་༢༠༠༨ ལོར་བོད་ནང་གི་ཞི་བའི་ངོ་རྒོལ་དེ་བྱུང་ཡོད་ཀྱང༌། ༢༠༠༩ ལོ་ནི་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་འབུམ་ལྷག་ཅིག་བཙན་བྱོལ་དུ་ཕེབས་ནས་ལོ་ ༥༠་ འཁོར་བ་དང༌། བོད་ནང་གི་ཞི་རྒོལ་ཁྲོད་བོད་མི་བརྒྱ་ཕྲག་འགའ་དམར་གསོད་དང༌། སྟོང་ཕྲག་འག྄འ་བཙོན་དུ་བཅུག་ནས་ལོ་ ༡ འཁོར་བ་ཡིན་སྟབས། ཆབ་སྲིད་ཀྱི་རྣོ་ངར་མུ་མཐུད་ནས་ཆེ། ཡིན་ཡང༌། རྒྱ་ནག་གིས་ལོ་གཅིག་གི་སྔོན་ནས་བོད་ས་ཡོངས་དམག་མི་དང་དྲག་ཆས་ཉེན་རྟོག་པས་མནན་ཏེ། ད་དུང་དམག་མི་ཕྱིར་འཐེན་བྱེད་ཀྱི་མེད་སྟབས། བོད་ནང་དུ་གནས་སྐབས་རིང་ཡར་ལངས་ཤུགས་ཆེན་པོ་ཞིག་འབྱུང་ཁག་པར་གྱུར་ཡོད། བོད་ཕྱི་ཕྱོགས་ནས་ཀྱང་བཙན་བྱོལ་གྱི་མི་ལོ་ ༥༠ ཞེས་པའི་བརྗོད་གཞིའི་འོག་བོད་མི་ཚོས་རང་ཉིད་ལ་སྡོམ་བརྒྱབས་ནས་ལོ་འདི་སྐྱེལ་བར་ངེས་སོ།།

ལུང་རིགས་རྒྱལ།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།