རྒྱ་གཞུང་གི་ཚོང་རྫས།

08/09/2009 10:15

        བོད་པའི་མཆོད་གནས། རྒྱ་གཞུང་གི་ཚོང་རྫས།

བོད་མི་རིགས་ཀྱི་སེམས་གཏིང་ནས་དད་འདུན་བྱེད་ཡུལ་དང་སྐྱབས་གནས་སུ་བཅོལ་བའི་སྐུ་གསུང་ཐུགས་རྟེན་དང༌།

གནས་ཆེན།      དགོན་སྡེ་ཁག་སོགས་དེང་དུས་རྒྱ་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པ་སྣེ་ལེན་བྱེད་ཡུལ་གྱི་ལྟེ་གནས་སུ་

བསྒྱུར་ནས་ཡོང་འབབ་འབོར་ཆེན་གསོག་གི་ཡོད་པ་དང༌།     གནས་ཆེན་དེ་དག་གི་ནང་རྟེན་ཁག་ཀྱང་ད་ལྟའི་ཆར་

བཞུགས་ཡོད་མེད་ཀྱང་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་ཡོད་པ་རེད། རྒྱ་གཞུང་གིས་དུས་རྒྱུན་བོད་ནང་དུ་ཡར་རྒྱས་ཤུཌ་

ཆེན་པོ་བཏང་ཡོད་པ་དང༌། རྒྱ་གཞུང་མེད་ན་བོད་མི་རིགས་གསོན་ཐབས་མེད་ཚུལ་བརྗོད་བཞིན་པ་མ་ཟད། རྒྱ་ནག་

གཞུང་ནས་མ་དངུལ་འབོར་ཆེན་བཏང་ནས་ཆོས་དང་རིག་གཞུང་གི་བསྟི་གནས་ཁག་སྲུང་སྐྱོབ་བྱེད་བཞིན་ཡོད་ཅེས་

བརྗོད་བཞིན་ཡོད་པ་རེད། དཔེར་ན་ཟླ་འདིའི་ཚེས་༢༥ ཉིན་བོད་ལྗོངས་གསར་འགྱུར་དྲ་བ་ཟེར་བའི་ནང་ལོ་འགའི་

རིང་ཀྲུང་གོ་སྲིད་གཞུང་ནས་བོད་ལྗོངས་ཀྱི་རིག་དངོས་ཉམས་གསོ་བྱེད་པར་ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར༡༣

ལས་བརྒལ་བ་བཏང་བ་རེད། ཅེས་གནས་ཚུལ་སྤེལ་ཡོད་པ་དང༌། མ་དངུལ་བཏང་བའི་བསྡོམས་འབོར་དེ་དངོས་ཡོད་

གཞི་འཛིན་ས་ཡོད་པ་ཞིག་ཡིན་པའི་དབང་དུ་བཏང་ནའང༌།    དེ་ནི་ལོ་མང་པོའི་རིང་གི་འགྲོ་སོང་ཞིག་ཡིན་པས་

དམངས་གཙོའི་བཅོས་བསྒྱུར་ཟེར་བའི་དམར་གསོད་ཆེན་མོ་དང༌། རིག་གནས་གསར་བརྗེ་ཟེར་བའི་སྐབས་སུ་བོད་མི་

རིགས་ཀྱི་རིག་གནས་གཏོར་བཤིག་བཏང་བ་དང༌། རྐུ་འཁྱེར་བྱས་པའི་གྲངས་ཚད་ཀྱི་ཟུར་ཆ་ཙམ་ཡང་གཞལ་ཐུབ་

ཐབས་མེད་པ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད། ད་དུང་བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བས་གནས་ཚུལ་སྤེལ་

བ་ལྟར་ན། ༢༠༠༩ ལོའི་ཟླ་བ་༧ པ་གཅིག་པུའི་ནང་བོད་རང་སྐྱོང་ལྗོངས་ཟེར་བས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་

སྣེ་ལེན་ཞུ་ཚད་མི་ཁྲི་༡༢༡. ༦ ཟིན་ཡོད་པ་དང༌། དེ་ལ་བརྟེན་ནས་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་༡༠.༩

ཟིན་ཡོད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ནང་དུ་བོད་ཀྱི་རིག་དངོས་ཉམས་

གསོའི་ཆེད་མ་དངུལ་སྒོར་དུང་ཕྱུར་༡༣ བཏང་ཡོད་ཅེས་འུད་སྒྲོག་བྱེད་བཞིན་ཡོད་ཀྱང༌། ཕྱི་ཟླ་བདུན་པ་གཅིག་པུའི་

ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་༡༠.༩ དེ་གཅིག་པུས་ཀྱང་མ་དངུལ་སྒོར་དུང་ཕྱུར་༡༣ བཏང་ཡོད་ཟེར་བ་དེ་

དང་ཁྱད་པར་ཆེན་པོ་ཤོར་མེད། གོང་དུ་བཀོད་པའི་ཟླ་གཅིག་ནང་གི་ཡུལ་སྐོར་ཡོང་འབབ་དེ་མཐོ་ཤོས་ཀྱི་རྩིས་གཞི་

ཡིན་ཚུལ་བཤད་ཡོད་ཀྱང༌།   འདིའི་སྟེང་ནས་ཤེས་ཐུབ་པ་ནི་རྒྱ་གཞུང་གིས་འགྲོ་སོང་ཆེན་པོ་བཏང་ཡོད་ཟེར་བ་དེ་

ཡུལ་སྐོར་གྱི་ཟླ་གཉིས་ཀྱི་ཡོང་འབབ་ཙམ་ཡང་མིན་པ་དེ་ཕྱོགས་གང་ནས་བལྟས་ཀྱང་གསལ་པོ་ཤེས་རྟོགས་ཐུབ་པ་

རེད།        དེ་བཞིན་ཕོ་བྲང་པོ་ཏཱ་ལ་དང༌། ལྷ་ལྡན་གཙུག་ལག་ཁང་སོགས་སུ་རྒྱ་དམག་འབོར་ཆེན་བཞག་ནས་བོད་

རིགས་དད་ལྡན་མཆོད་མཇལ་བ་རྣམས་ལ་རྡུང་རྡེག་དང་སུན་གཙེར་འདྲ་མིན་བཟོ་བཞིན་ཡོད་ལ། སྔོན་མ་ཞི་བདེ་

ལྷིང་འཇགས་ཀྱི་གནས་མཆོག་དེ་དག་ཏུ་དེང་སྐབས་བོད་མི་རྣམས་ཞེད་སྣང་དང་སྔངས་སྐྲག་གི་ངང་དུ་འཚོ་བ་སྐྱེལ

དགོས་པ་ཞིག་བཟོས་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན་ཡུལ་སྐོར་གྱི་ཡོང་འབབ་ཙམ་མ་ཡིན་པར་གཏེར་ཁ་སྔོག་

འདོན་དང༌། ཤིང་ནགས་དབོར་འདྲེན་སོགས་ཀྱི་རིན་ཐང་ཡང་བསྡོམས་རྒྱག་ཆོག་ཆོག་ཅིག་གཏན་ནས་མིན་པས་དེ་

རིང་གླེང་རྒྱུ་ཟུར་འཇོག་བྱས་ཡོད།   མདོར་བསྡུས་ན་རྒྱ་གཞུང་གིས་བོད་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དུ་བཏང་བ་

ཡིན་ཟེར་བའི་འུད་སྒྲོག་བྱས་པའི་འགྲོ་སོང་དེ་དང༌།  ཕྱི་ཟླ་བདུན་པའི་ནང་ཁོ་ནར་རིག་དངོས་དེ་དག་ལ་བརྟེན་ནས་

ཡོང་འབབ་བཟོས་པ་དེ་གཅིག་པུའི་ཐོག་ནས་རྒྱ་གཞུང་གིས་བོད་ཡར་རྒྱས་སུ་བཏང་འདུག་གམ། ཡང་ན་བོད་ལ་བརྟེན་

ནས་རྒྱ་གཞུང་གིས་ཁེ་བཟང་ཆེན་པོ་ཞིག་རག་གི་ཡོད་གོང་གི་གསར་འགྱུར་གཉིས་ཀྱི་ནང་དོན་གཤིབས་བསྡུར་བྱས་ན་

ཤེས་རྟོགས་ཐུབ་པ་ཞིག་ཏུ་གྱུར་ཡོད་ལ། དཔལ་འབྱོར་དང་ཁེ་བཟང་གཅིག་པུ་ལས་དམིགས་བྱ་མེད་པའི་རྒྱ་མི་རིགས་

དང༌།    ཞི་བདེ་དང་ལྷིང་འཇགས་ལ་སེམས་ཕྱོགས་པའི་བོད་མི་རིགས་གཉིས་ཀྱི་བསམ་བློའི་ཁ་ཕྱོགས་གཞི་གཅིག་ཏུ་

འབབ་སྲིད་མིན་ཡང་གནས་ཚུལ་འདི་དག་ལ་བརྟེན་ནས་ཚོད་དཔག་བྱེད་ཐུབ་པ་ཞིག་ཏུ་གྱུར་ཡོད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།