རེ་སྒུག

14/05/2009 11:21

              མཇལ་འཛོམས་ཀྱི་རེ་སྒུག

ཡིད་ཀྱི་ཆུ་གཏེར་གཡོ་བའི་དབྱངས་ཅན་མ།   །མ་འོངས་བསེལ་ལྡན་གངས་ཀྱི་རི་སུལ་མ།། 

མ་མཉམ་བརྩེ་བའི་གྲོགས་དེ་མ་མཇལ་བར།   །བར་ཆད་མཚན་མ་དབེན་པའི་ཤིས་པ་སྩོལ།།

 

 དྲི་ཞིམ་སྨན་ལྗོན་ཚར་དུ་དངར་ས།    །ས་མཐོའི་ཡུལ་གྱི་བརྩེ་བའི་སྙིང་གྲོགས།།

 གྲོགས་ཀྱི་བསམ་པ་ཅུང་ཟད་མཚོན་ཕྱིར།   །ཕྱིར་དྲན་ཞིག་གིས་འདི་ལྟར་ཐལ་སོང་།། 

 

དུང་བའི་སྙིང་གཏམ་བདུད་རྩིའི་ཟེགས་མ།   །མ་ལུས་འཇོ་བའིཁྱེད་ཀྱི་འཛུམ་ཞལ།།

 ཞལ་གྱི་སྟངས་སྟབས་བུ་ཆུང་བདག་ལ།    །ལ་འུར་ཕྱོགས་དང་སྙིང་གི་གྲོགས་གཅིག  

 

བསིལ་སྦྱིན་ཟླ་བའི་མཛེས་སྡུག་འཕྲོག་པའི།    །གང་སྐུར་ཉེར་འཚེས་རེག་པ་མེད་ན།། 

ལྷད་མེད་འཛུམ་དཀར་དགྱེསཔའི་ཀློང་ནས།   །དྲན་པའི་འཕྲིན་འདི་བརྩེ་བས་བཞེས་རོགས།།

 

 ལྔ་རིག་འོད་སྣང་འབད་པས་བསྩལ་ཀྱང་།    །དྲི་མེད་སེམས་ཀྱི་ངོས་སུ་མ་ཤར།། 

མ་འབད་འཆར་བ་ཁྱེད་ཀྱི་མཚར་སྡུག    །གསེར་མདོག་ཉི་མ་ལས་ཀྱང་གསལ་བ།། 

 

ཁྱེད་ཀྱིས་བྲིས་པའི་སྙན་ངག་ཐུང་ཐུང།     །གདངས་སུ་འགུགསཔའི་ཆོ་ག་བརྩམས་དུས།།

 དྲན་གདུང་མཆི་མས་མིད་པ་གང་བ།     །སུ་དང་གང་གིས་འགོག་ཐབས་མི་འདུག

 

 སྙིངཔོས་དབེན་པ་འཁོར་བའི་གྲོང་ཞེས།    །ཐམས་ཅད་སྒྱུ་མའི་ཆོས་སུ་གསུངས་ཀྱང་།། 

ཡིད་ཀྱི་ཆུ་མོ་གཅིག་ཏུ་འདྲེས་པའི།     །གྲོགས་ལ་དུང་བ་བསྒྱུར་དུ་མ་བཏུབས།། 

སྙིང་རྗེའི་ལྷ་གཅིག་སྤྱན་རས་གཟིགས་མགོན།    །ཉམ་ཐག་འགྲོ་ལ་མིག་མི་ཟུམ་པའི།། 

གཏམ་དེ་བདེན་ན་བུ་ངའི་གདུང་བ།     །ད་དུང་མ་གཟིགས་ཅི་ཞིག་ཡིན་ནམ།།

 

 རིགས་མཐུན་བརྩེ་གྲོགས་ཁྱེད་དང་ང་གཉིས། །རི་ཆུ་སྟོང་གིས་བར་དུ་བཅད་ཀྱང་།།

 ཕན་ཚུན་མཛའ་གཅུགས་ལྷོད་པ་མེད་ན།    །མཇལ་འཛོམས་ཉི་མ་འཆར་བ་ཆོས་ཉིད།།

 

 འདབ་བརྒྱད་སྙིང་གི་དབུས་སུ་གནས་པའི།  །གཏམ་གྱི་རོལ་མོ་དཀྲོལ་འདོད་བྱུང་ཡང་།།

 ཡུན་རིང་བྲལ་བའི་མནར་ཆགས་ཟབ་མོས།   །འོད་དཀར་ཟླ་འཛུམ་རེ་ཞིག་བསྒྲིབས་སོང།།

                                                     

                                                སྤྱི་ལོ་༢༠༠༩། སྤྱི་ཟླ་༠༥་ཚེས་༡༣་ཉིན་ལ།།  །།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།