རི་མགོའི་དམངས་གཙོ།

12/09/2009 14:06

རི་མགོའི་དམངས་གཙོ།

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༡༦༠ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

བཙན་བྱོལ་བོད་མི་ཚོའི་གནས་བབ་ཀྱི་ངོས་ནས་བཤད་ན། འདས་པའི་ལོ་ ༤༩ རིང་གི་ང་ཚོའི་དམངས་གཙོ་ནི་རི་

མགོའི་དམངས་གཙོ་སྟེ། ཡུལ་མེད་པ་དང་ཁ་འཐོར་སྤྱི་ཚོགས་ཤིག་གི་དམངས་གཙོ་རེད། དེར་བརྟེན་ང་ཚོ་ནི་རང་

རང་སྡོད་སའི་ཡུལ་ལུང་དེ་དག་གི་དམངས་གཙོའི་སྤྱི་ཚོགས་ནང་ཡོད་རུང་། རང་ཉིད་ཀྱི་དམངས་གཙོའི་སྤྱི་ཚོགས་

ཤིག་གི་སྒྲོམ་གཞིའི་ནང་དུ་ད་རུང་གསལ་བོ་ཞིག་འཕྲོད་མེད།

དམངས་གཙོའི་སྒྲོམ་གཞི་དེའི་ནང་ཏག་ཏག་ཅིག་མ་འཕྲོད་པའི་དབང་གིས་འཐུས་ཤོར་གྱི་མགོ་བཙུགས་པ་ཡིན།

དཔེར་ན། བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་ནི་ཕྱོགས་གཞན་ནས་བཤད་ན་ང་ཚོའི་དམངས་གཙོའི་འཐུས་

ཤོར་ལ་ཐུག་ཡོད། འཛིན་སྐྱོང་དང་ལས་བྱེད་ཀྱི་ཚད་གཞི་འདི་དམངས་གཙོ་ཡང་དག་པ་ཞིག་བརྒྱུད་ནས་སླེབས་མ་

ཐུབ་པ་དང་། བརྟག་དཔྱད་དང་སྟངས་འཛིན་གྱི་ཕྱོགས་ནས་མ་འདེང་བས་ཡིན། ད་དུང་བཤད་ན་ལས་ཀྱི་སྣེ་མོར་

གཏོགས་པ་དག་གིས་ཐོབ་ཐང་དང་འོས་འགན་གཉིས་ཀྱི་ཁྲོད་ནས་ཐོབ་ཐང་བླངས་ཏེ་འོས་འགན་ལ་དོ་ཁུར་དེ་

ཙམ་བྱ་མ་ཐུབ་པའི་ཉེར་ལེན་ཡིན། འདི་ལ་བརྟེན་ནས་ཤེས་ཡོན་གྱི་གནས་ཚད་ཕྱོགས་གང་ཐད་ནས་འཐུས་ཚང་

ཞིག་ལ་འཕོ་མ་ཐུབ་པ་དང་། གཞི་རིམ་མང་ཚོགས་ཁྲོད་དུའང་ང་ཚོའི་དམངས་གཙོའི་གོམ་སྟབས་རང་བཞིན་གྱིས་

ཇེ་དལ་དང་ཇེ་ལྷོད་ལ་སོང་ཡོད།     གནས་སྟངས་འདིའི་རིགས་ཀྱང་ང་ཚོའི་བསྐྱར་ཞིབ་ཀྱི་གཞི་ལ་འཇོག་དགོས་

པར་འདོད།

ལོ་རྗེས་མ་ནི་བཙན་བྱོལ་བོད་མིའི་དམངས་གཙོའི་ལོ་ ༥༠ པའི་དུས་དྲན་རེད། དུས་དྲན་འདི་ནི་དམངས་གཙོའི་

ཉམས་ལེན་གལ་ཆེ་ཤོས་ཏེ། ༢༠༡༡ ལོའི་བཀའ་ཁྲི་དང་སྤྱི་འཐུས་འོས་འདེམས་ཀྱི་དུས་མཚམས་གལ་ཆེན་ཞིག་

ལའང་འཁེལ་ཡོད་སྟབས། བཙན་བྱོལ་བོད་མི་ཚོས་ངེས་པར་དུ་དམངས་གཙོའི་ལྟ་བ་དང་ལག་ལེན་གཉིས་ཀར་མ་

འགལ་བའི་སྒོ་ནས་འོས་བསྡུ་ཆེན་མོ་འདིའི་ཆ་ཤས་ལེན་དགོས། ལོ་རྒྱུས་ཀྱིས་ང་ཚོར་ཡང་དང་བསྐྱར་དུ་ར་སྤྲོད་ཀྱིན་

པ་ལྟར།  ང་ཚོར་ངེས་པར་དུ་དམངས་གཙོའི་རྩ་བ་བརྟན་པོ་ཞིག་ཚུགས་དགོས་སྟབས་འོས་བསྡུ་ཆེན་མོ་འདི་ནི་བོད་

མིའི་ལོ་རྒྱུས་ཀྱི་ས་མཚམས་གལ་ཆེན་ཞིག་ལའང་འགྱུར་དགོས།

ལོ་རྗེས་མའི་དམངས་གཙོའི་དུས་དྲན་དང་དེའི་ཕྱི་ལོའི་འོས་བསྡུ་ཆེན་མོའི་ལས་རིམ་གཉིས་ནི་མི་རིགས་འདིའི་མ་

འོངས་པའི་འཐབ་རྩོད་དང་མདུན་ལམ་ཐག་གཅོད་པའི་ལས་དོན་གལ་ཆེན་གཉིས་ཡིན་སྟབས་ང་ཚོས་ད་ལྟ་ནས་

བསྐྱར་ཞིབ་དང་མནོ་བསམ་མ་ནོར་བ་རེ་གཏོང་དགོས་པར་འདོད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།