རང་བཙན་བསྐྱར་ཞིབ་བྱ་དགོས། by Tibet Times

22/11/2008 15:58

གཞུང་གིས་རང་བཙན་བསྐྱར་ཞིབ་བྱ་དགོས།

འཇམ་དབྱངས་ནོར་བུ་ལགས་སུ་ཕྱི་ཚེས་ ༡༩ ཉིན་འདི་གའི་གསར་འགོད་པས་བོད་དོན་དམིགས་བསལ་ཚོགས་ཆེན་དང་འབྲེལ་བའི་དྲི་བ་ཁག་ཅིག་བཏོན་པ་གཤམ་གསལ་ལྟར་ཡིན།

དྲི་བ། སྐུ་ཉིད་ཀྱིས་དུས་ཡུན་རིང་པོར་རང་བཙན་གྱི་ལྟ་བ་བཟུང་སྟེ་ཕྱག་ལས་མང་པོ་གནང་ཡོད་ལ། དེའི་ཐད་རྩོམ་ཡིག་ཀྱང་མང་པོ་བྲིས་ཡོད། ཐེངས་འདིའི་ཚོགས་ཆེན་སྟེང་ལ་སྐུ་ཉིད་ཀྱིས་རེ་བ་དང་ཡིད་ཆེས་གང་འདྲ་ཞིག་བཟུང་ཡོད་དམ།
ལན། ཚོགས་ཆེན་འདིའི་གསལ་བསྒྲགས་ཐོས་སྐབས་ཞེ་དྲག་བདེ་བོ་མ་བྱུང༌། སྐུ་མདུན་གྱི་བཀའ་སློབ་དུ་འབྲེལ་མོལ་ལམ་ལྷོང་ཡོང་གིན་མེད་པ་དགུ་བཅུ་གོ་གྲངས་ནས་གསུངས་ཡོད། ཐེངས་འདིར་ངྷ་སྟེང་བོད་ཁྱིམ་དུ་གསུངས་པ་རེད། ཐེངས་སྔོན་མར་བོད་གཞུང་ཟློས་གར་ཁང་ནས་གསུངས་པ་རེད། ཚོགས་ཆེན་སྟེང་སྐྱོན་ཆེ་ཤོས་ཤིག་ནི། མི་མང་གི་བསམ་ཚུལ་བསྡུ་ལེན་དེ་སྐུ་མདུན་གྱིས་གསུང་འཕྲིན་མ་གནང་བའི་གོང་གི་རེད། ང་རང་གིས་བསམ་ཚུལ་ཁག་ཅིག་ཞུས་ཡོད། དང་པོ། རྒྱ་ནག་དང་གྲོས་མོལ་མཚམས་འཇོག་དགོས་པ་རེད། གནས་སྐབས་དང་མཐའ་གཅིག་ཏུ་ཟེར་བའི་སྐད་ཆ་མེད་པར་གསལ་བསྒྲགས་གནང་དགོས་པ་རེད། རྒྱ་ཕྱོགས་ནས་རྒྱལ་སྤྱིའི་བརྙན་འཕྲིན་བརྒྱུད་ང་ཚོའི་སྐུ་ཚབ་རྣམ་པར་ཁྱད་གསོད་དང་མཐོང་ཆུང་སྡུག་རུ་སྡུག་ཚད་བཤད་འདུག དེ་ལས་ལྷག་པ་ཞིག་བཤད་རྒྱུ་ཡོད་པ་མ་རེད། ཅེས་ཚོགས་ཐོག་ལ་ཞུས་ཡོད། ཐེངས་འདིར་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་བྱས་ཏེ། སྤྱི་འཐུས་ཀྱིས་བསྐྱར་ཞིབ་ཚོགས་ཆུང་ཞིག་འཛུགས་དགོས་པ་རེད། བསྐྱར་ཞིབ་དེ་ཡང་དབུ་མའི་ལམ་མིན་པར་རང་བཙན་སྟེང་ལ་གནང་དགོས། བསྐྱར་ཞིབ་ཚོགས་ཆུང་ནང་དུའང་སྤྱི་འཐུས་དང་བཀའ་ཤག་མིན་པར་གཞུང་འབྲེལ་མིན་པའི་ཚོགས་པ་དང་ཕྱི་རྒྱལ་གྱི་མི་སྣ་ལེན་དགོས་པ་རེད།

དྲི་བ། གལ་སྲིད་ཐེངས་འདིར་རང་བཙན་གྱི་ལམ་ཁ་བདམས་པ་ཡིན་ན། རང་བཙན་ལ་རེ་བ་དང་ཕན་འབྲས། རང་བཙན་རྩོད་པའི་ཐབས་ལམ་སོགས་གང་འདྲ་ཞིག་ལ་བརྟེན་དགོས་སམ།
ལན། ང་རང་དམག་མི་རྙིང་པ་ཞིག་ཡིན། ད་ལྟ་ཡིན་ནའང་གོ་སྐབས་བྱུང་ན་རྒྱ་མི་གཅིག་གཉིས་གསོད་རྒྱུར་ཧ་ལས་རྒྱུ་གང་ཡང་མེད། འོན་ཀྱང༌། ད་སྐབས་དུས་ཚོད་དེ་འདྲ་མ་རེད། རྒྱ་ནག་འཛམ་གླིང་གི་ཆེ་མཐོང་ལ་དགའ་བ་རེད། ང་ཚོས་དེ་ལ་བརྙས་བསྐོ་དགོས། ང་ཚོས་ཞི་བའི་ཐོག་ནས་རང་བཙན་གྱི་ཁ་མཆི་རྒྱག་དགོས་པ་རེད། མང་ཚོགས་ཀྱིས་ཟིང་བསླང་དགོས་པ་རེད། དེ་ལ་ཟབ་སྦྱོང་སྤྲོད་དགོས་པ་རེད། བྱིས་པ་སློབ་གྲྭ་བ་དང་ཕྱི་རྒྱལ་དུ་སྡོད་པའི་བྱིས་པ་ཚོར་ཡང་རྟིང་སྐུལ་བྱ་དགོས་པ་རེད། ང་རང་གིས་བོད་རང་བཙན་སྐོར་གྱི་རྒྱུ་ཆ་མང་པོ་བསགས་ཡོད། སྤྱི་ལོ་ ༡༩༣༦ ཡས་མས་ནས་བོད་ཀྱི་རྒྱལ་དར་འཛམ་གླིང་སྟེང་སླེབས་འདུག སྤྱི་ལོ་ ༡༩༦༠ ཙམ་ནས་བོད་རྒྱལ་ཁབ་ཀྱི་ཕྱིར་སྐྱོད་ལག་འཁྱེར་འདུག ༡༩༢༠ ཙམ་ལ་འབྲས་ལྗོངས་བློན་ཆེན་ལྷ་སར་སོང་སྟེ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པར་ཇོ་མོ་གླང་མའི་སྟེང་ལ་འཛེགས་རྒྱུར་ལག་འཁྱེར་ཞུས་ཏེ་སྤྲད་འདུག རྒྱ་ནག་གིས་བོད་བཙན་བཟུང་སྐབས་མི་ག་ཚོད་བསད་ཡོད། དགོན་པ་དང་རིག་གནས་ག་ཚོད་འཕྲོག་བཅོམ་བྱས་ཡོད། དེ་དག་ཁ་མཆུ་རྩོད་པའི་ལག་ཆ་རེད། ཁྲིམས་ཁང་མང་པོར་ཁ་མཆུ་བསྐྱལ་དགོས་པ་རེད། དེ་ལྟར་བྱས་ན་མི་དམངས་ལ་སྤོབས་པ་ཞིག་སླེབས་གི་རེད།

དྲི་བ། བོད་པའི་སྤྱི་ཚོགས་ནང་ཆབ་སྲིད་ཚོགས་པ་འདྲ་མིན་བྱུང་བ་ཡིན་ན། བོད་པའི་རྩ་དོན་འགྲུབ་རྒྱུ་དང་ལྷག་པར་དུ་བོད་རང་བཙན་རྩོད་པར་ཁྱད་པར་འགྲོ་སྲིད་དམ།
ལན། གཞུང་ལ་འགྱུར་བ་གཏོང་མཁན་ཞིག་དགོས་པ་རེད། ཁོང་ཚོར་དབང་ཆ་དགོས་ན་མི་དམངས་ཀྱི་སྐད་ཆར་ཉན་གི་རེད། གོ་ལ་གཅིག་གྱུར་ཆགས་བཞིན་ཡོད། ང་ཚོའི་འཛམ་གླིང་དེའང་གཞོན་སྐྱེས་ཚོའི་ལག་ཏུ་འགྲོ་དགོས་པ་རེད། ང་ཚོའི་སྤྱི་ཚོགས་དེ་རྩ་བ་ནས་དཀྲུགས་དགོས་ཀྱིན་འདུག དེ་དང་མཉམ་དུ་རང་བཙན་གྱི་གསར་བརྗེ་ཡོང་གི་རེད་ལ། ང་ཚོས་འཛམ་གླིང་ཡོངས་ཧ་ལས་པ་ཞིག་བཟོ་དགོས། ཕྱི་རྒྱལ་མཁས་པ་ཚོས་བོད་ཀྱི་ལོ་རྒྱུས་དཀྱོགས་དཀྱོགས་མང་པོ་བཟོས་ཏེ། བོད་རིགས་གཞོན་སྐྱེས་ཚོའི་བོད་པའི་ལོ་རྒྱུས་ལྟ་སྟངས་ལ་ནོར་འཁྲུལ་ཞེ་དྲག་ཕྱིན་ཡོད། མང་པོ་ཞིག་གིས་བོད་ཤོར་བ་དེ་སྐུ་དྲག་ཚོ་རེད་ཟེར་གྱིན་ཡོད། དེར་འབྲེལ་བ་ཡོད་ཀྱང་གཙོ་བོ་མ་རེད། གནད་འགག་གཙོ་བོ་དགོན་པ་དང་བླ་སྤྲུལ་ཚོ་རེད། སྔོན་མ་གཞུང་གིས་བོད་ནང་ཕྱི་རྒྱལ་སློབ་གྲྭ་གཉིས་བཙུགས་པ་དེ་གྲྭ་བ་ཚོས་བཀག་པ་རེད། རྒྱ་ནག་མ་སླེབས་སྔོན་ལ་བོད་པའི་བུ་ཕྲུག ༡༦༠ ཙམ་ཕྱི་རྒྱལ་སློབ་གྲྭའི་ནང་བཏང་ཡོད། སྐུ་དྲག་དང་སྤྱི་ཚོགས་རྙིང་པར་ང་ཚོས་སྐྱོན་བརྗོད་བྱས་ན་འགྲིག་གིན་མེད། དེ་དག་ང་ཚོའི་ཕ་མ་ལྟ་བུ་རེད།

དྲི་བ། ཐེངས་འདིའི་ཚོགས་ཆེན་སྟེང་གི་གོ་བསྡུར་བགྲོ་གླེང་དང༌། གྲོས་གཞི་ཁག་༧གོང་ས་མཆོག་ལ་འབུལ་བ་དང༌། གྲོས་ཚོགས་ནང་འཁྱེར་ཏེ་མ་འོངས་པར་ཆབ་སྲིད་འགྱུར་བ་གཏོང་པར་མཐོང་གིན་འདུག་གམ།
ལན། ཐེངས་འདིའི་གཏན་འབེབས་ཀྱིས་མ་འོངས་པའི་ཆབ་སྲིད་འགྱུར་བ་གཏོང་ཐབས་རྩ་བ་ནས་ཡོད་པ་མ་རེད། གང་ཡིན་ཟེར་ན། ༧གོང་ས་མཆོག་གི་གསུང་འཕྲིན་གྱི་སྔོན་ལ་གཞི་རིམ་མི་དམངས་ཀྱི་བསམ་ཚུལ་བསྡུ་རུབ་བྱས་ཚར་འདུག དེ་ལ་ཆ་འཇོག་གནང་ཐབས་ཡོད་པ་མ་རེད། ང་རང་གི་བསམ་པར་འདིའི་རྗེས་ལ་ཡང་བསྐྱར་ཚོགས་འདུ་རིམ་པར་བསྐོང་གི་རེད་སྙམ། ཐེངས་འདིར་གློ་བུར་དུ་བསམ་ཚུལ་ཤོད་ཟེར་དུས་གཞིས་ཆགས་ཁག་གི་མི་དམངས་དང༌། དེ་བཞིན་གཞིས་མགོ་ཁག་གིས་ཀྱང་གང་ཡང་དྲན་གྱིན་མེད་སྟབས། བང་སྒྲིག་སྟེ་༧གོང་ས་མཆོག་གིས་གང་གསུངས་པ་དེ་རང་ཡིན་ཟེར་གྱིན་ཡོད། ཚོགས་འདུ་རིམ་པ་འཚོགས་ཏེ་གོ་བསྡུར་སྦྱང་བཤད་བྱས་ན། མང་ཚོགས་ལ་དོ་སྣང་ཤུགས་ཆེན་སླེབས་གི་རེད་ལ། དེ་ལྟར་བྱས་ན་ཏན་ཏན་རྩ་དོན་ལའང་འགྱུར་བ་ཞིག་འགྲོ་གི་རེད་སྙམ།

དྲི་བ། མང་པོ་ཞིག་གིས་དབུ་མའི་ལམ་ལས་གཞན་པའི་ཐབས་ལམ་ཞིག་ལ་བསམ་བློ་གཏོང་གིན་ཡོད་པ་རེད། སྐུ་ཉིད་ཀྱི་བསམ་ཚུལ་ལ་༧གོང་ས་མཆོག་གིས་གང་འདྲ་ཞིག་ལ་རེ་བ་རྒྱག་གིན་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད་དམ།
ལན། ངའི་བསམ་པར་༧གོང་ས་མཆོག་གིས་ད་དུང་གོམ་གཅིག་ཙམ་རྒྱབ་བཤོལ་རྒྱག་དགོས་པ་མིན་འགྲོ་སྙམ། དབུ་མའི་ལམ་གྱི་ཆ་རྐྱེན་ལྟ་བུར་༧རྒྱལ་བ་རིན་པོ་ཆེས་འཚེ་མེད་ཞི་བའི་ལམ་དེ་བཟུང་བ་ཡིན་ན། ནམ་ཞིག་ལ་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་རྒྱུ་དང༌། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཟེར་བ་དེ་ཚོ་ག་རེ་བཤད་བཤད་རེད། དེ་༧རྒྱལ་བ་རིན་པོ་ཆེས་ཐག་གཅོག་གནང་དགོས་པ་ཞིག་རེད། དེའི་ཐོག་ལ་༧རྒྱལ་བ་རིན་པོ་ཆེ་ལ་མཁས་པ་མང་པོ་ཞིག་གིས་བཀའ་མོལ་ཞུ་རྒྱུ་གནད་འགག་ཆེན་པོ་འདུག དེ་འདྲ་ཞིག་གི་མགོ་བཙུགས་པ་མིན་འགྲོ་བསམ་ཡོད། ༧སྐུ་མདུན་རང་གིས་ཀྱང་ད་ལྟའི་ལམ་ཁ་འདིར་སྐྱོན་ཆ་ཡོད་པར་གཟིགས་ཏེ། སྐྱོན་ཆ་དེ་གང་ཡིན་བརྩད་ཆོད་ཀྱིན་ཡོད་པ་མ་རེད། གནད་དོན་འདི་འདྲའི་ཐོག་ལ་མི་དམངས་ཀྱི་བསམ་ཚུལ་བསྡུས་ན་ཕན་ཐོགས་དེ་ཙམ་ཡོད་པ་མ་རེད། ཉམས་མྱོང་ཅན་དང་ཆེད་མཁས་ཚོ་དང་མཉམ་དུ་བཀའ་མོལ་གནང་ན་ཡག་པོ་ཡོང་གི་རེད་སྙམ།

དྲི་བ། མང་པོ་ཞིག་གིས་བོད་རྒྱའི་འབྲེལ་མོལ་དེ་མཚམས་བཞག་ན་བཟང་བའི་སྐད་ཆ་ཡོང་གིན་ཡོད། གལ་སྲིད་བོད་རྒྱའི་འབྲེལ་ལམ་མཚམས་བཞག་པ་ཡིན་ན། རྗེས་སུ་ཐབས་ལམ་གང་འདྲ་ཞིག་འཚོལ་དགོས་སམ།
ལན། ངས་གོང་དུ་བཤད་པ་དེ་བཞིན། རང་བཙན་བསྐྱར་ཞིབ་ཀྱི་ཚོགས་འདུ་འཚོགས་དགོས་པ་རེད། ང་ཚོ་རྒྱ་གར་ནང་སྐྱབས་བཅོལ་གྱི་ངོ་བོར་བསྡད་ཡོད། གནད་འགག་གཙོ་བོ་རྒྱ་གར་གཞུང་གི་ལག་ཏུ་ཡོད། ཡིན་ནའང་ང་ཚོས་རྣམ་འགྱུར་ཅིག་སྟོན་རྒྱུ་གལ་ཆེན་རེད། རང་བཙན་བསྐྱར་ཞིབ་ཟེར་བ་དེ་ང་ཚོས་གནང་ཐུབ་པ་ཞིག་རེད། དེའི་རྗེས་སུ་ལམ་ཁ་གང་ལ་འགྲོ་དགོས་པ་དང་ཐབས་ཤེས་གང་ཞིག་འཚོལ་དགོས་པ་གསལ་བོ་ཆགས་ཡོང་གི་རེད། བསྐྱར་ཞིབ་དེ་ཡང་གང་མགྱོགས་ཀྱིས་གནང་དགོས་པ་ཞིག་རེད། ད་ལོའི་བོད་ནང་གི་དོན་རྐྱེན་དང་བོད་རྒྱའི་ད་ལྟའི་གནས་བབས། བཙན་བྱོལ་ནང་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སོགས་བརྩོན་ལེན་བྱ་གལ་ཆེན་པོ་རེད།

དྲི་བ། དབུ་མའི་ལམ་གྱི་ཐོག་ནས་ང་ཚོར་རང་སྐྱོང་རག་ཡོད་པ་མ་རེད། སྐུ་ཉིད་རང་བཙན་རྩོད་མཁན་ཞིག་ཡིན་པའི་ཆ་ནས་ལངས་ཕྱོགས་རང་བཙན་ལ་བསྒྱུར་ན་རག་ཐུབ་པའི་གདེང་ཚོད་ཅི་ཙམ་ཡོད་དམ། 
ལན། དབུ་མའི་ལམ་གྱི་ཐོག་ནས་རང་སྐྱོང་རག་རྒྱུར་རེ་བ་རྒྱག་མཁན་དག་བརྒྱ་ཆའི་བརྒྱ་ནོར་འཁྲུལ་དུ་མཐོང་གིན་ཡོད། བོད་གཞུང་རྒྱ་ནག་ཉམས་ཞིབ་སྡེ་ཚན་ནང་ང་རང་ཉམས་ཞིབ་པ་ཐོག་མ་རེད། བོད་ལ་གང་ཡང་སྤྲོད་གི་མ་རེད། བོད་ཀྱི་ས་ཆ་རྩ་ཆེན་པོ་རེད། གལ་སྲིད་ང་རང་རྒྱ་ནག་གི་མགོ་ཁྲིད་ཡིན་ན། ངས་ཀྱང་སྤྲོད་མི་སྲིད། མང་པོ་ཞིག་གིས་ཧོང་ཀོང་བཤད་ཀྱིན་ཡོད། ཧོང་ཀོང་ཚུར་ལེན་ཆེད་རྒྱ་ནག་གིས་དམངས་གཙོ་སྤྲད་པ་རེད། ད་ཆར་ཧོང་ཀོང་གི་དམངས་གཙོར་ཉིན་རེ་ལས་ཉིན་རེར་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད། གསར་འགྱུར་བརྒྱུད་ལམ་མང་པོ་ཞིག་གི་སྒོ་བརྒྱབས་ཡོད། རྒྱལ་ཁབ་ནང་ཁུལ་གྱི་ས་གནས་ཁག་ཅིག་ལ་དམངས་གཙོ་ཇི་ལྟར་སྤྲོད་སྲིད་དམ། རྒྱ་ནག་གཞུང་ངོས་ནས་རང་བཙན་སྤྲོད་གི་མ་རེད་ལ། རང་སྐྱོང་ཡང་སྤྲོད་གི་མ་རེད། འོན་ཀྱང༌། ང་ཚོར་རང་བཙན་ལེན་རྒྱུའི་གོ་སྐབས་ཡོད་དམ་ཟེར་ན། ཏན་ཏན་ཡོད་པ་རེད། རྒྱ་ནག་ནང་ཁུལ་བརྟན་པོ་མེད་པ་ཚང་མས་མཁྱེན་གསལ་རེད། སྔོན་མ་ཐེངས་ཁ་ཤས་ལ་བོད་པའི་རང་བཙན་ཤོར་ཡོད་ཀྱང༌། སོག་པོའི་འོག་ནས་ང་ཚོར་རང་བཙན་དང་པོ་རག་ཡོད། མན་ཇུས་འོག་ནས་རང་བཙན་གཉིས་པ་རག་ཡོད། རྒྱ་ནག་གི་འོག་ནས་རང་བཙན་ཐེངས་གསུམ་པ་རག་རྒྱུའི་གོ་སྐབས་ཡོད་པར་ང་རང་ལ་ཡིད་ཆེས་ཡོད།


དྲི་བ། སྐུ་ཉིད་ཀྱིས་ད་ལོ་བོད་ནང་སྔར་བྱུང་མ་མྱོང་བའི་ཞི་རྒོལ་ཆེན་མོ་ཞིག་བྱུང་དགོས་པའི་རྒྱུ་རྐྱེན་གཙོ་བོ་གང་འདྲ་ཞིག་ལ་ངོས་འཛིན་གནང་གིན་ཡོད་དམ།
ལན། བོད་ནང་ངོ་རྒོལ་བྱུང་དགོས་པའི་ལྟེ་བ་དེ་རྒྱ་ནག་གིས་བར་སྐབས་ཤིག་ནས་བོད་ནང་དང༌། ལྷག་པར་དུ་ལྷ་སར་དམ་དྲག་ཆེ་རུ་བཏང་སོང་བ་དེ་མིན་འགྲོ་སྙམ། བོད་རང་སྐྱོང་ལྗོངས་ཀྱི་མགོ་གཙོས་སྐབས་ཤིག་ལ་ལས་བྱེད་ཡོངས་དང་ལྷག་པར་དུ་གུང་ཁྲན་ཏང་གི་ལས་བྱེད་ཚོར་དམ་དྲག་བྱས་ཡོད། སྐབས་དེ་ནས་བོད་ནང་འགྱུར་བ་ཕྱིན་སོང༌། རྒྱ་ནག་གཞུང་གིས་ལས་བྱེད་མང་པོ་ཞིག་ལ་དོགས་པ་བྱས་ཏེ་ཁྱིམ་དུ་སྐུ་མདུན་གྱི་སྐུ་པར་ཕར་ཟད། ཐ་ན་ཇོ་ཁང་དུའང་འགྲོ་རུ་བཅུག་ཡོད་པ་མ་རེད། སྔར་ལོ་ས་ག་ཟླར་ལས་བྱེད་མང་པོ་ཞིག་གིས་ངོ་རྒོལ་བྱས་ཏེ་ཇོ་ཁང་ལ་སྐོར་བར་ཕྱིན་ཡོད། ད་ལོ་ཟིང་འཁྲུག་སྐབས་ཉེན་རྟོག་ལས་ཁུངས་ཁག་གི་གསང་བའི་གནས་ཚུལ་མང་པོ་མང་ཚོགས་ཁྲོད་ཁྱབ་ཡོད། དེ་ཇི་ལྟར་མང་ཚོགས་ཀྱིས་ཐོས་པ་རེད། ངོ་རྒོལ་དེ་དག་གྲྭ་བཙུན་གཅིག་པུ་མ་ཡིན་པར་སྒང་ནས་རྐང་བཙུགས་ཏེ་ལྷོད་ཡངས་བཏང་བ་ཞིག་རེད་སྙམ། དེ་དག་གིས་གང་ཞིག་མཚོན་གྱིན་ཡོད་པ་རེད་ཟེར་ན། གཞུང་གི་ལས་བྱེད་དེ་ཚོས་ཀྱང་གཞུང་གི་སྲིད་ཇུས་ལ་འདོད་པ་མེད་པ་གསལ་བོ་ཤེས་ཐུབ་པ་ཞིག་རེད།


དྲི་བ། རྒྱལ་ཁབ་མང་པོ་ཞིག་གི་གཞུང་དང་གྲོས་ཚོགས་ཀྱིས་༧གོང་ས་མཆོག་གི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། གལ་སྲིད་ང་ཚོས་རང་བཙན་བདམས་ན། རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆུང་དུ་འགྲོ་སྲིད་དམ།
ལན། དེ་ཚིག་གིས་རྩེད་མོ་རྩེ་བཞིན་ཡོད་པ་རེད། རྒྱལ་ཁབ་མང་པོའི་སྲིད་འཛིན་དང་སྲིད་བློན་གྱིས་བོད་དོན་ལ་རྒྱབ་སྐྱོར་གནང་ས་གཙོ་བོ། ༧རྒྱལ་བ་རིན་པོ་ཆེས་རྒྱ་ནག་ལ་བཀའ་མོལ་གནང་རྒྱུ་དེ་རེད། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཟེར་བར་རྒྱལ་ཁབ་ཀྱི་དབུ་ཁྲིད་གཅིག་གིས་ཀྱང་རྒྱབ་སྐྱོར་བྱས་ཡོད་པ་མ་རེད།  དེ་སྲིད་དོན་གྱི་རྒྱབ་སྐྱོར་རེད་དམ་ཞེས་ན་མ་རེད། ས་གང་ཞིག་ཏུ་རྙོག་དྲ་བྱུང་ན། རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་རྙོག་དྲ་མ་བསླང་སྐད་ཆ་ཤོད་ཟེར་བ་འགྲོ་སྟངས་རེད། ཕྱི་རྒྱལ་ཚོས་༧སྐུ་མདུན་ལ་རྣམ་འགྱུར་ཡག་པོ་ཅུང་ཙམ་བསྟན་ན་ང་ཚོས་དགའ་སྣང་ཆེན་པོ་བྱེད་ཀྱིན་ཡོད། དེ་ཙམ་གྱིས་རྩ་དོན་ལ་ཕན་ཐོགས་ཡོད་པ་མ་རེད།


དྲི་བ། གལ་སྲིད་ང་ཚོས་རང་བཙན་གྱི་ལམ་ཁ་བདམས་ན། ད་ལྟའི་༧གོང་ས་མཆོག་གི་དགོངས་གཞི་དང་ཁ་ཁར་ཕྱིན་ཡོད་སྟབས། རྩ་དོན་འཐབ་རྩོད་ཐད་མི་དམངས་ཀྱི་ནུས་པ་ཆུང་དུ་འགྲོ་སྲིད་དམ།
ལན། དེ་གནད་འགག་ཅིག་ཆགས་ཡོད། ༧གོང་ས་མཆོག་གིས་ངེས་པར་དུ་དེའི་ཐད་བཀའ་སློབ་གསར་བ་ཞིག་གནང་དགོས་པ་རེད། ༧གོང་ས་མཆོག་གི་དགོངས་པར་འགྱུར་བ་མང་པོ་ཕྱིན་ཡོད། སྔོན་མ་རང་བཙན་རེད། བྱང་ཐང་ནས་དམག་འཁྲུག་རྒྱག་སྐབས་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་གནམ་གྲུའི་ནང་ནས་༧གོང་ས་མཆོག་གི་བཀའ་སློབ་མང་པོ་གཡུགས་ཡོད། དེ་དག་གི་ནང་དུ་ཁྱེད་ཅག་གིས་བདེན་པ་དང་སོ་སོའི་རྒྱལ་ཁབ་ཀྱི་དོན་དུ་འཐབ་འཛིང་བྱེད་ཀྱིན་ཡོད། ཅེས་གསུངས་ཡོད། རྗེས་སུ་༧གོང་ས་མཆོག་གི་དགོངས་གཞིར་འགྱུར་བ་ཐེབས་པ་རེད། མ་འོངས་པར་ཡང་འགྱུར་བ་ཐེབས་སྲིད་པ་ཞིག་རེད། ༧གོང་ས་མཆོག་གི་དགོངས་གཞི་རྒྱ་ཆེན་པོ་ཞེ་དྲག་རེད། ང་ཚོའི་མི་དམངས་ཀྱི་ངོས་ནས་ཀྱང་༧གོང་ས་མཆོག་ལ་ཞི་བདེ་དེད་དཔོན་ཟེར་རྒྱུ་དེ་གལ་ཆེན་པོ་མ་རཻད། བོད་རང་བཙན་སླར་གསོའི་ཐད་ཕྱག་ལས་གནང་སྟེ། བོད་རང་ལ་བདེ་སྐྱིད་བསྐྲུན་རྒྱུར་འབོད་སྐུལ་ཞུ་དགོས་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།