འཛམ་གླིང་གི་སྣེ་གསུམ་པ

14/12/2009 18:14

འཛམ་གླིང་གི་སྣེ་གསུམ་པ ༽ བོད་ཡུལ་སྐྱོབ་རོགས།

དུས་བབ།

རྒྱ་གར་མི་མང་ལ། བོད་ཀྱི་གནད་དོན་དེ་ཆབ་སྲིད་རེད། ང་ཚོས་དོ་སྣང་བྱེད་གི་མིན་ཟེར་བའི་སྐད་ཆ་ལྷག་ཡོད་པ་

མ་རེད། བོད་ཀྱི་ཁོར་ཡུག་དེ་རྒྱ་གར་མི་མང་གི་ལྟོ་གོས་དང་འབྲེལ་བ་དམ་ཟབ་ཡོད། བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་

དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་སོ་སོའི་གཞུང་ལ་འབོད་སྐུལ་ཞུ་དགོས་པ་རེད། ཉིན་ཞིག་རྒྱ་ནག་གིས་བོད་ནས་

ནུབ་ཕྱོགས་སུ་བཞུར་བཞིན་པའི་ཆུ་བོ་དག་ཤར་ཕྱོགས་སུ་ཁ་བསྒྱུར་བ་ཡིན་ན། རྒྱ་གར་མི་མང་ལ་དཀའ་ངལ་ཆེན་པོ་

ཞིག་ཆགས་ཚར་བ་རེད་ཟེར།


མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྡུ་སྐོང་འོག ཟླ་འདིའི་ཚེས་ ༧ ཉིན་ནས་བདུན་ཕྲག་གཉིས་རིང་ཌན་མག་གི་རྒྱལ་ས་

ཁོ་པེན་ཧ་གྷན་དུ་རྒྱལ་ཁབ་ ༡༩༢ ཙམ་གྱི་སྐུ་ཚབ་འཐུས་མི་ ༣༠༠༠༠ ལྷག་མཉམ་ཞུགས་ཀྱིས་གནམ་གཤིས་འགྱུར་

ལྡོག་སྐོར་ལ་ཚོགས་ཆེན་ཞིག་ཚོགས་མགོ་ཚུགས་ཡོད་ལ། རྒྱལ་ཁབ་སོ་སོའི་གནམ་གཤིས་དང་ཁོར་ཡུག་སྲུང་སྐྱོབ་ཐད་

ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་སྒྲིག་འཛུགས་ཁག་མཉམ་རུབ་ཀྱི་ཚོགས་འདུ་ཞིག་ཀྱང་ཟུར་དུ་འཚོགས་ཀྱིན་ཡོད་

འདུག གཞུང་འབྲེལ་མིན་པའི་ཚོགས་འདུ་དེའི་སྟེང་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱི་འགན་

འཛིན་བསྟན་འཛིན་ནོར་བུ་ལགས་དང་ཆོས་སྐྱིད་ལགས་རྣམ་གཉིས་ཀྱང་ཆེད་བཅར་གནང་ཡོད་འདུག་ལ། དེ་མིན་

ངྷ་རམ་ས་ལའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་དང་བསྟན་འཛིན་ཟླ་སྒྲོན་ཤར་

ལང་། ངྷ་ས་བདེ་དོན་ལས་ཁུངས་ཀྱི་བསྟན་འཛིན་མི་དབང་དང་ཆོས་སྒྲོན། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་

ཚོགས་གཙོ་ངག་དབང་འོད་འབར། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷོ་ཨེ་ཤ་ཡའི་འབྲེལ་མཐུད་པ་ཆོས་

འགྲུབ་ལགས་བཅས་བསྡོམས་པས་བོད་པའི་སྐུ་ཚབ་ ༨ མཉམ་ཞུགས་གནང་ཡོད་འདུག

 

ཐེངས་འདིའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་དེའི་སྟེང་། ཡར་རྒྱས་ཆེ་བ་དང་ཡར་རྒྱས་འགྲོ་བཞིན་པའི་

རྒྱལ་ཁབ་དག་གིས་ཁར་བྷོན་དུད་རླངས་ཉུང་དུ་གཏོང་ཐབས་དང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་

གནམ་གཤིས་འགྱུར་ལྡོག་གི་ཐད་ནུས་པ་ཤུགས་ཆེར་འདོན་ཐབས་སུ་དཔལ་འབྱོར་གྱི་མཐུན་འགྱུར་གནང་རྒྱུ། འཛམ་

གླིང་གི་ནགས་ཚལ་གཅོད་འབྲེག་དེ་ ༢༠༣༠ ལོ་ནས་གཏན་འགོག་ཡོང་ཐབས་སུ་ཁར་བྷོན་ཚོང་དོན་གྱི་ལས་རིམ་

སྒྲིག་རྒྱུ་སོགས་ཡིན་འདུག

 ཕྱི་ཚེས་ ༨ ཉིན་འདི་གའི་གསར་འགོད་པས་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་སུ་གནམ་གཤིས་འགྱུར་

ལྡོག་གི་ཚོགས་ཆེན་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས་ལན་འདེབས་གནང་དོན། ཐེངས་འདིར་ཌན་མག་ནང་

ཚོགས་འདུ་ཁག་གཉིས་འཚོགས་ཀྱིན་ཡོད་པ་རེད། གཅིག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྐངས་པའི་རྒྱལ་ཁབ་ཁག་

གི་སྐུ་ཚབ་འཐུས་མིའི་ཚོགས་འདུ་ཞིག་རེད། དེར་ང་ཚོ་བཅར་ཐུབ་ཡོད་པ་མ་རེད། ཟུར་དུ་གཞུང་འབྲེལ་མིན་པའི་

ཚོགས་པ་སྒྲིག་འཛུགས་ཁག་གིས་གནམ་གཤིས་འགྱུར་ལྡོག་སྐོར་ལ་ཚོགས་འདུ་ཞིག་ཚོགས་ཀྱིན་ཡོད་པ་རེད། དེར་ང་

ཚོའི་ཕྱི་དྲིལ་ཁོར་ཡུག་དང་འཛུགས་སྐྲུན་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་དང་ཁོང་གི་ཕྱག་རོགས་ཆོས་

སྐྱིད་རྣམ་གཉིས་བཏང་ཡོད། གཞན་ངྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་ཀྱང་ཕྱིན་

ཡོད་པ་རེད། ད་དུང་ང་ཚོར་ཤུགས་མཉམ་རུབ་ཆེད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་གི་འཐུས་མི་

དང་། ཨ་རིའི་སན་ཧྤུ་རན་སི་ཁོར་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་དང་ཁོར་ཡུག་ཆེད་མཁས་པ་རྗོན་ཨེ་སམ་ John

Isom ལགས་བཅས་ཞུགས་ཀྱིན་ཡོད་པ་རེད་ཟེར།

ཁོང་གིས་མུ་མཐུད་དུ་བོད་པའི་ཚོགས་ཞུགས་པ་དག་གི་ལས་འགན་སྐོར་གསུངས་དོན། བོད་ནང་རྒྱ་ནག་གིས་

འཛུགས་སྐྲུན་དང་གཏོར་བཤིག་གཏོང་དང་མི་གཏོང་དེ་ཨེ་ཤ་ཡའི་ཁོར་ཡུག་སྲུང་སྐྱོབ་དང་། ལྷག་པར་དུ་ཁྱིམ་

མཚེས་རྒྱལ་ཁབ་ཁག་གི་གནམ་གཤིས་འགྱུར་ལྡོག་ལ་འབྲེལ་ཡོད་སྟབས། བོད་ཀྱི་ཁོར་ཡུག་ལ་རྒྱལ་སྤྱིའི་ཐོག་ནས་དོ་

སྣང་བྱ་དགོས་ཀྱིན་འདུག བོད་ཀྱི་ཁོར་ཡུག་ནི་སའི་གོ་ལའི་སྣེ་མོ་གསུམ་པ་དེ་ཆགས་ཡོད་ལ། ཨེ་ཤ་ཡའི་ནང་གི་གཙང་

པོ་ཆེན་པོ་བཅུ་ཡི་འབྱུང་ཁུངས་ཡིན། གཙང་པོ་དེ་དག་འཛམ་གླིང་མི་འབོར་བརྒྱ་ཆ་ ༤༧ ཙམ་གྱི་འཚོ་རྟེན་ཆགས་

ཡོད། རྒྱ་གཞུང་གིས་བོད་ནང་འཛུགས་སྐྲུན་དང་གཏོར་བཤིག་ཆེན་པོ་བཏང་བའི་རྐྱེན་གྱིས་གནམ་གཤིས་ཇེ་དྲོར་

ཕྱིན་ཏེ། བོད་ཡུལ་གྱི་འཁྱགས་རོམ་ཞུ་སྟེ་གཙང་པོ་དེ་དག་ཀྱང་ཇེ་ཆུང་དུ་འགྲོ་བཞིན་ཡོད། མ་འོངས་པར་འཛམ་

གླིང་གི་མི་འབོར་བརྒྱ་ཆ་ ༤༧ ཙམ་ལ་ཆུའི་དཀའ་ངལ་འཕྲད་སྲིད་སྟབས། བོད་པའི་གནད་དོན་དེ་ཆབ་སྲིག་གཅིག་

པུ་མ་ཡིན་པར་ཨེ་ཤ་ཡའི་མི་མང་གི་ཉིན་རེའི་འཚོ་བ་དང་འབྲེལ་བ་ཆགས་ཡོད་སྟབས། ཐེངས་འདིར་བོད་པའི་ཚོགས་

ཞུགས་པ་ཚོས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བོད་མི་ཚོར་བདག་ཆེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་དང་རོགས་

འདེགས་ཡོང་རྒྱུར་འབོད་སྐུལ་བྱེད་ཀྱིན་ཡོད་པ་རེད། ཅེས་གསུངས་སོང་།

 

ཡང་ཁོང་ལ་ཌན་མག་ནང་འཚོགས་བཞིན་པའི་གཞུང་འབྲེལ་གྱི་ཚོགས་ཆེན་དེར་བོད་མི་ཚོ་ཞུགས་ཐབས་ཡོད་མེད་

དང་། གཞུང་འབྲེལ་མིན་པའི་ལྷན་ཚོགས་དེའི་སྟེང་གྲ་སྒྲིག་གང་འདྲ་ཡོད་མེད་དྲིས་པར་ལན་སྐྱོན་དོན། གཞུང་འབྲེལ་

གྱི་ལྷན་ཚོགས་དེའི་སྟེང་ལ་ཞུགས་རྒྱུར་ང་ཚོས་འབད་བརྩོན་བྱས་ཡོད་པ་མ་རེད་ལ། རེ་བའང་དེ་ཙམ་ཡོད་པ་མ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་ནང་རྒྱ་ནག་ཡོད་སྟབས་བཀག་འགོག་བྱེད་གི་རེད། ཐེངས་འདིར་ང་

ཚོར་གྲ་སྒྲིག་གང་འདྲ་ཡོད་ཟེར་ན། བོད་ཀྱི་ཁོར་ཡུག་དང་གནམ་གཤིས། ཆུ་སོགས་ཀྱི་སྐོར་ནས་ཡིག་ཆ་ཁག་ ༨ ཙམ་

གྲ་སྒྲིག་བྱས་ཡོད། དེ་བཞིན། ཉེ་ཆར་ཨི་ཊ་ལི་དང་རྒྱ་གར་བྷེང་ལོར་བཅས་སུའང་བོད་ཀྱི་ཁོར་ཡུག་སྐོར་ལ་བསམ་འཆར་

བཏོན་ཡོད་པ་རེད། སྐབས་དེར་རྒྱ་གར་མི་མང་ལ། བོད་ཀྱི་གནད་དོན་དེ་ཆབ་སྲིད་རེད། ང་ཚོས་དོ་སྣང་བྱེད་གི་མིན་

ཟེར་བའི་སྐད་ཆ་ལྷག་ཡོད་པ་མ་རེད། བོད་ཀྱི་ཁོར་ཡུག་དེ་རྒྱ་གར་མི་མང་གི་ལྟོ་གོས་དང་འབྲེལ་བ་དམ་ཟབ་ཡོད།

བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་སོ་སོའི་གཞུང་ལ་འབོད་སྐུལ་ཞུ་དགོས་པ་རེད།

ཉིན་ཞིག་རྒྱ་ནག་གིས་བོད་ནས་ནུབ་ཕྱོགས་སུ་བཞུར་བཞིན་པའི་ཆུ་བོ་དག་ཤར་ཕྱོགས་སུ་ཁ་བསྒྱུར་བ་ཡིན་ན། རྒྱ་གར་

མི་མང་ལ་དཀའ་ངལ་ཆེན་པོ་ཞིག་ཆགས་ཚར་བ་རེད། ཅེས་ངོ་སྤྲོད་དང་སྐུལ་སློང་བྱེད་ཀྱིན་ཡོད་པ་རེད།

ཅེས་གསུངས་བྱུང་།   

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།