འཚོལ་བཞིན་ཡོད།

02/01/2011 16:39

པདྨ་མེ་ཏོག  ངས་ཁྱེད་རང་འཚོལ་བཞིན་ཡོད།

ས་སྒང་ལ་ཉི་འོད་ཕོག་པས།

གང་སར་སྙན་ངག་གི་འདབ་མ་བཞད་ཀྱིན་འདུག

ངས་ཀྱང་སྡོད་མ་ཚུགས་པར་སྙན་ངག་འབྲི་མགོ་བརྩམ་པས།

ཁྱེད་རང་སྙན་ངག་གི་ལྷ་མོ་ཡིན་པའི་གཏམ་རྒྱུད་གཞི་ནས་ཚོར།

 

པདྨ་མེ་ཏོག་་་་   ཁྱེད་རང་དངོས་གནས་སྙན་ངག་གི་ལྷ་མོ་ཞིག་ཡིན་ནམ།

སྐབས་རེར་ངས་རྨི་ལམ་ལས་བཏུས་པའི་སྙན་ངག་དེ་ཁྱེད་རང་ཡིན་ན་བསམ།

ལན་རེར་འགྲིན་པའི་སྒྲ་དབྱངས་ཀྱི་འགྱུར་ཁུགས་དེ་ཁྱེད་རང་ཡིན་ན་བསམ།

དངོས་གནས་སུ་ཞིག་ཡིན།   སྙན་ངག་གི་ལྡེ་མིག་ཐོགས་པའི་བརྩེ་ལྡན་མ།

 

པདྨ་མེ་ཏོག་་་་     ཁོ་བོས་ཁེར་རྐྱང་གི་རྐང་ལམ་ཁྲོད་ནས།  ཁོ་བོས་བྱིས་དུས་ལྟ་བུའི་སེམས་པས།

མཚམས་རེར་གནག་སྣུམ་གྱི་ལན་བུས་སྒེག་པའི་གཤིས་བཟང་མ་ལས་ཁྱེད་ཀྱི་སྙན་ངག་ཨེ་རྙེད་དྲན།

དུས་རེར་དཔྱིད་དཔལ་གྱི་ལང་ཚོ་བསུ་བའི་གཞན་གསོའི་གླུ་དབྱངས་ལས་ཁྱེད་ཀྱི་སྙན་ངག་རྟོཌ་ན་བསམ།

ཐེངས་རེར་དུང་སེམས་ཀྱི་ཝུ་ཆང་འཐུང་བའི་བཟི་ཁ་ལས་ཁྱེད་ཀྱི་སྙན་ངག་ཐོབ་ན་བསམ།

 

དེ་ལྟར་ན་ཡང་།      གཤིས་བཟང་མ་ཁྱོད་་་་་་་་་་་་

ཅིའི་ཕྱིར་སྟོང་དབྱིངས་ཀྱི་ཉི་ཟླ་བཞིན་ཁོ་བོ་དང་རྒྱང་ཐག་རིང་་

མ་མཐར་ཡང་ཁོ་བོའི་འཛུམ་ཀོར་དུ་དད་གུས་ཀྱི་མིག་ཆུ་འཁྱིལ་དུས་

མཛེས་སྡུག་དང་སྙན་ངག་ལས་གྲུབ་པའི་ཞལ་རས་དེ་ཐེངས་གཅིག་སྟོན་དང་

 

པདྨ་མེ་ཏོག་་་་            ཁྱེད་རྟོག་བཏགས་མིན་པའི་འཕགས་མ་ཞིག་ཡིན་ན་

སྟོན་འཇུག་གི་སྡོང་ལོ་བཞིན་གོམ་འགྲོས་འཆོར་བའི་ང་ཚོར་

ཚོར་བ་ཟབ་པའི་སྙན་ངག་གི་སྒྱུ་རྩལ་ཞིག་གནང་དང་

ནམ་ཡང་དད་འདུན་ཁྲི་ཕྲག་གི་ཀློང་ནས་ལྷ་མོ་ཞིག་གི་བརྩིས་འདང་ཡོད།

                                དཀོན་མཆོག་ནས་སྤྱི་ལོ། ༢༠༡༡ སྤྱི་ཟླ། ༡  ཚེས། ༢ ཉིན་བྲིས་པ་དགེ།  །། 

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།