འབྲེལ་མོལ་མཚམས་འཇོག

22/11/2008 20:32

                                 དབུ་མ་རྒྱུན་སྐྱོང་དང་འབྲེལ་མོལ་མཚམས་འཇོག

 

ཐེངས་འདིའི་དམིགས་བསལ་ཚོགས་ཆེན་སྟེང་ནས་ད་བར་གྱི་བོད་རྒྱའི་འབྲེལ་མོལ་དེ་མཚམས་འཇོག་རྒྱུའི་བསམ་ཚུལ་བཏོན་ཡོད་པ་དང་། ཡིན་ནའང་བོད་ཀྱི་གནད་དོན་སེལ་ཐབས་ཀྱི་ཐབས་ལམ་ཡག་ཤོས་ནི་དབུ་མའི་ལམ་གྱི་ལངས་ཕྱོགས་ཡིན་སྟབས་སྲིད་བྱུས་འདི་མུ་མཐུད་རྒྱུན་འཛིན་བྱེད་རྒྱུའི་གྲོས་འཆམ་བྱུང་ཡོད་ཅིང་། གྲོས་འཆམ་འདི་དག་ནི་འབྱུང་འགྱུར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་རྒྱབ་གཉེར་སྙན་ཐོ་ལྟ་བུར་བཏོན་ཡོད་པ་རེད།

གཞན་ཡང་ཐེངས་འདིའི་ཚོགས་ཆེན་སྟེང་དོན་ཚན་གལ་ཆེན་ཁག་ཅིག་ཡོད་པ་ནི། དང་པོ། ཚོགས་ཆེན་འདི་བརྒྱུད་དེ་ང་ཚོས་སྤྱི་མོས་ཐོག་བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་གནང་བའི་སྙིང་སྟོབས་ལ་ཡི་རང་གུས་བཀུར་དང་། ལྷག་པར་དུ་ཚེ་སྲོག་བློས་བཏང་མཁན་དང་བཙོན་དུ་བཅུག་མཁན། མནར་སྤྱོད་མྱངས་མཁན། ད་དུང་གར་སོང་ཆ་མེད་དུ་གྱུར་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེལ་བྱེད་ཀྱིན་ཡོད། གཉིས་པ། ཚོགས་ཆེན་འདི་བརྒྱུད་དེ་ང་ཚོས་སྤྱི་མོས་ཐོག་༧གོང་ས་མཆོག་ལ་ཁོང་གིས་རྒན་ཡོལ་གྱི་བཀའ་མོལ་མི་གནང་རྒྱུ་དང་། ཁོང་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྙོན་དུ་མེད་པ་དེ་ཡིན་སྟབས་མུ་མཐུད་དེ་བོད་ཀྱི་གནད་དོན་འདི་ཐབས་ལམ་གང་འདྲ་ཞིག་ནས་སེལ་ཐུབ་པར་གཟིགས་ན་ང་ཚོ་ཕྱོགས་དེར་ལམ་སྟོན་གནང་རྒྱུའི་ཞུ་སྐུལ་བྱེད་ཀྱིན་ཡོད། ང་ཚོས་ཁོང་གི་ཐུགས་རེ་དང་ལམ་སྟོན་གང་གནང་བ་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། གསུམ། འདི་དག་ལ་བརྟེན་དབུ་མའི་ལམ་གྱི་ཐབས་ལམ་དེ་མུ་མཐུད་མཇིག་སྐྱོང་རྒྱུའི་ཐད་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ཡོད། ཡིན་ནའང་དབུ་མའི་ལམ་ལ་ད་དུང་གྲུབ་འབྲས་མ་ཐོན་ཏེ་བོད་རང་བཙན་དང་རང་ཐག་རང་གཅོད་ཀྱི་གདམ་ག་དེ་སྒོ་ཕྱེ་ཡོད། བཞི་པ། ཚོགས་ཆེན་འདི་བརྒྱུད་དེ་ང་ཚོས་བོད་དོན་ེརྒྱབ་སྐྱོར་བ་རྣམས་དང་། སྲིད་གཞུང་ཁག མི་སྒེར་བ་ཁག ལྷག་པར་དུ་རྒྱ་གར་གཞུང་དམངས་གཉིས་ཀྱིས་ད་བར་དུ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅེས་པ་འདི་དག་ཡིན་འདུག

 

༼གོང་གསལ་པར་གཉིས་ནི་ནེའུ་ཡོག་དུས་བབ་དྲ་རྒྱ་ནས་ཕབ་ལེན་བྱས་པ་ཡིན།༽

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།