འཇུག་ལྡོག་མ་བྱེད།

06/05/2009 16:58

རྟོན་བཞི་འཇུག་ལྡོག་མ་བྱེད།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༤༣ སྟེང་གི་རྩོམ་སྒྲིག་པའི་གཏམ།

 

རྟོན་བཞི་འཇུག་ལྡོག་མ་བྱེད།

ཚེས་བཅུ་བདུན་ཉིན་གྱི་ཞོགས་པར་འཆར་ཅན་ལྟར་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་སུ་ཟུར་ཉན་དུ་བཅར་བ་ཡིན། བཀུར་འོས་པའི་སྤྱི་འཐུས་རྣམ་པའང་གཅིག་རྗེས་གཉིས་མཐུད་དུ་སླེབས་བྱུང༌། ཐེངས་འདིའི་གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ཉིས་སྟོང་དགུ་ལོའི་སྔོན་རྩིས་ཡིན་སྟབས། མཛད་རིམ་ལག་ཏུ་རག་མ་ཐག་བམ་ཀློག་ཐེངས་གཅིག་བྱས་པ་ཡིན། མཛད་རིམ་གྱི་ཐིག་ཕྲེང་དང་པོར་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག ༧གོང་ས་མཆོག་གི་གསུང་འཕྲིན་སྒྲོག་སྦྱང༌། ཞེས་བཀོད་འདུག་པ་མཐོང་མ་ཐག དགའ་སྣང་དང་སྐྱོ་སྣང༌། སེམས་འཚབ་བཅས་ལྷན་དུ་སྐྱེས་ཤིང༌། དེ་དང་མཉམ་དུ་གྲོས་ཚོགས་ཁང་གི་ཕྱི་ནང་བར་གསུམ་དུ་སྤྱི་འཐུས་རྣམ་པ་ཡང་ནམ་རྒྱུན་དང་མི་འདྲ་བར་བྲེལ་འཚུབ་དང་གཟབ་ནན་གྱི་རྣམ་པ་ཞིག་མངོན་ཡོད་པའི་སྣང་བ་ཤར།

 

དམངས་གཙོ་སྔར་ལས་ལྷག་པར་དོན་སྙིང་ལྡན་པ་ཡོང་ཆེད། གྲོས་ཚོགས་ཀྱི་འཐུས་མི་དང་ལས་རིམ། ལམ་སྲོལ་བཅས་ཀྱི་གནས་ཚད་གོང་མཐོར་གཏོང་ཐབས་ལ་སྒོ་ཀུན་ནས་འབད་གལ་ཆེ་བ་དང༌། གཞིས་བྱེས་བོད་མིའི་འཕྲལ་ཕུགས་ཀྱི་བདེ་རྩར་སྨན་ངེས་ཀྱི་ལས་གཞི་ཁག་ལ་འོས་འཚམས་ཀྱི་སྟངས་འཛིན་གཏན་འབེབས་བྱ་ཕྱོགས་ལ་བློ་གྲོས་བཏོན་ཏེ། གྲོས་ཚོགས་དོན་དང་ལྡན་པ་ཡོང་དགོས། དམངས་གཙོའི་ཀ་བ་གསུམ་གྱི་སྡེ་ཚན་སོ་སོས་རང་རང་གི་འགན་དབང་ངོས་འཛིན་འཕྱུག་མེད་དང་འབྲེལ་རྣམ་དཔྱོད་ཀྱི་ནུས་པ་ཡོད་རྒུ་རྩལ་སྤྲུགས་བྱེད་དགོས། ཞེས་འདི་ནི་ན་ནིང་ཟླ་གསུམ་པའི་ཚེས་བརྒྱད་ཉིན་༧གོང་ས་མཆོག་གིས་གྲོས་ཚོགས་ལ་ཆེད་དུ་བསྩལ་བའི་གསུང་འཕྲིན་གྱི་སྙིང་དོན་རེད། ཨང་དང་པོ། གྲོས་ཚོགས་འཐུས་མི་དང་ལམ་སྲོལ་གྱི་གནས་ཚུལ་གོང་མཐོར་གཏོང་དགོས་པ། ཨང་གཉིས་པ། གཞིས་བྱེས་བོད་མིའི་འཕྲལ་དང་ཕུགས་ཀྱི་བདེ་སྐྱིད་ཆེད་དུ་ལས་གཞི་གཏན་འབེབས་བྱ་དགོས་པ། ཨང་གསུམ་པ། དམངས་གཙོའི་བཀའ་བ་གསུམ་གྱིས་རང་རང་གི་འགན་འཁྲི་དང་དབང་ཚད་ནོར་འཕྱུག་མེད་པའི་ཐོག་འཆར་འགོད་བྱ་དགོས་པ་བཅས་གལ་བོ་ཆེ་ལ་ནན་ཏན་གྱིས་གསུངས་ཡོད།

 

དེ་རིང་༧གོང་ས་མཆོག་གིས་བསྐྱར་དུ། བོད་མིའི་ཛ་དྲག་གི་གནས་བབ་དང་ཞི་བའི་སྒེར་ལངས་ལ་རྒྱལ་ཁབ་མང་པོའི་གཞུང་དང་གྲོས་ཚོགས་ཀྱིས་གྲོས་ཆོད་དང་གདུང་སེམས་མཉམ་སྐྱིད་བྱས་པ་བོད་མིའི་སྙིང་སྟོབས་སྤེལ་བའི་ཆ་རྐྱེན་དང་རྩ་དོན་ལ་ཕན་ཐོགས་བྱུང་ཡོད། ཅེས་བོད་དོན་གནས་བབ་ལ་གདེང་འཇོག་བསྐྱར་དུ་བྱས་ཤིང༌། བོད་པའི་གྲོས་ཚོགས་ཀྱིས་རྒྱལ་ཁབ་གཞན་གྱི་དབུས་དང་མངའ་སྡེའི་གྲོས་ཚོགས་ལ་འབྲེལ་བ་བཙུགས་ཏེ། བོད་དོན་དྲིལ་བསྒྲགས་དང་འབྲས་བུ་ཐོན་ངེས་ཀྱི་རྒྱབ་སྐྱོར་འཚོལ་དགོས་པའི་རྟིང་བསྐུལ་བྱས་ཡོད། སེམས་དཔའ་ཆེན་པོ་གྷན་ངྷི་མཆོག་གིས་མི་རིགས་ཤིག་གི་འཐབ་རྩོད་ལས་འགུལ་རྣམ་གྲངས་ཁྲོད། ཆེས་གལ་འགངས་ཆེ་བར་གཟིགས་པའི་སྒྲུབ་ཕྱོགས་འཛུགས་སྐྲུན་གྱི་ལས་འགུལ་དང༌། དགག་ཕྱོགས་ངོ་རྒོལ་གྱི་ལས་འགུལ་གཉིས་ལས་༧གོང་ས་མཆོག་གིས་སྔ་མ་བདམས་ཏེ། སྒྲུབ་ཕྱོགས་འཛུགས་སྐྲུན་གྱི་ལས་འགུལ་ལ་ཤུགས་སྣོན་རྒྱག་དགོས་པའི་སྐུལ་འདེད་བཏང་ཡོད།

 

ད་དུང༌། ཆེས་གལ་གནད་ཆེ་བ་ནི། གྲོས་ཚོགས་རིམ་པར་རྟིང་གནོན་ཡང་ཡང་གནང་མྱོང་བའི་བཙན་བྱོལ་བོད་མིའི་དམངས་གཙོའི་གནས་བབ་འདི་རེད། དམངས་གཙོའི་འཕེལ་རིམ་གོང་མཐོ་དང༌། ཁྲིམས་བཟོའི་ལས་དོན་གནད་སྨིན་ཡོང་ཐབས་སུ་སྤྱི་འཐུས་ཚང་མས་དམངས་གཙོའི་ལྟ་གྲུབ་དང༌། ཁྲིམས་ཀྱི་དབང་བསྒྱུར་ལ་སྙིང་ནས་བརྩི་བཀུར་ཐོག གུ་ཡངས་དཀྱེལ་ཆེའི་བློ་གྲོས་ཀྱིས་རྟོན་བཞིའི་འཇུག་ལྡོག་མ་འཆོལ་བའི་སྒོ་ནས་སྤྱི་སྨན་འདུན་གྲོས་ལྷུག་པོར་གནང་དགོས། ཞེས་གངས་ཅན་དཀྱིལ་གཞུང་ན་གཉུག་མར་གནས་པའི་ལམ་སྲོལ་ཏེ། ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པ། དོན་ལ་མི་རྟོན་ཚིག་ལ་རྟོན་པ། ངེས་དོན་ལ་མི་རྟོན་དྲང་དོན་ལ་རྟོན་པ། ཡེ་ཤེས་ལ་མི་རྟོན་རྣམ་ཤེས་ལ་རྟོན་པའི་འཇུག་ལྡོག་གི་རིམ་པ་དེར་ཐེར་འདོན་བྱས་ཤིང༌། བཀའ་ཤག་དང་སྤྱི་འཐུས་ཁྲིམས་ཞིབ་བཅས་དམངས་གཙོའི་ཀ་བ་གསུམ་ནང་ཁུལ་གྱི་ལས་དོན་རེ་ཟུང་དང༌། ལྷག་པར་དུ་གྲོས་ཚོགས་རིམ་པའི་སྐབས་བཀའ་སྤྱི་གཉིས་གདོང་ཐུག་ཡང་ཡང་རྒྱག་གིན་ཡོད་པའི་གུ་དོག་དཀྱེལ་ཆུང་གི་གཤིས་ཀར་སྡིགས་རའི་ཚུལ་དུ། གུ་ཡངས་དཀྱེལ་ཆེའི་སྒོ་ནས་བོད་མིའི་འཕྲལ་ཕུགས་རྒྱང་གསུམ་ལ་གྲོས་བསྡུར་བྱ་དགོས་པའི་རེ་འདུན་ནན་གྱིས་བཏོན་ཡོད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།