འཇིགས་སྣང་གིས

01/01/2009 09:48

 

འཇིགས་སྣང་གིས་འཚོ་དགོས་པའི་ལོ་གཞན་ཞིག

 

༢༠༠༩ སྟེ། འཇིགས་སྣང་གིས་འཚོ་དགོས་པའི་ལོ་གཞན་ཞིག ཉིན་ཤས་སྔོན་ངས་མགོ་བརྗོད་འདི་ལྟར་དུ་བྲིས་པའི་གསར་འགྱུར་ཞིག་བཀླགས། རང་བཞིན་གྱིས་སེམས་མི་སྐྱིད་པ་ཞིག་བྱུང་། དོན་དངོས་སུའང་བདེན་པར་མཐོང་། ཕྱི་ལུགས་ ༢༠༠༩ ལོའི་སྐྱ་རེངས་གསར་པ་དེ་དམག་འཁྲུག་གི་ཐལ་རྡུལ་དང་དུད་སྤྲིན་གྱིས་བཀབས་སོང་། ཡུལ་ལུང་གང་སར་མུ་གེ་དང་འཁྲུག་རྩོད་ཀྱི་མགོ་ལངས། འདིའི་ཞོར་གྱི་སེམས་ཁྲལ་ནི་ལོ་འདིར་རང་བྱུང་གི་གོད་ཆག་དང་ན་ཚ་གང་འདྲ་ཞིག་ཡོང་མིན་དེ་རེད།

གཟའ་ཉི་མའི་ཉིན། ང་ངྷ་སྟེང་གི་རི་མགོ་མཐོ་ས་ཞིག་ལ་ཕྱིན་ཏེ་ཀང་ར་ལུང་ཁོག་ལ་མིག་རྒྱང་བྱས་ནས་བལྟས། ན་བུན་འཐིབས་ཏེ་ཐག་རིང་ནི་མཐོང་ཁག་པོ་འདུག དེ་བས་ངས་ཐག་ཉེ་སའི་ངྷ་སའི་བོད་མིའི་གཞིས་སྒར་ཁག་ལ་བལྟས། རི་ཁུག་འདི་སྐྱ་ཐིལ་ལེ་དང་ཁུ་སུམ་མེར་སྡོད་པ་མཐོང་། ཟླ་ངོ་གཅིག་གི་སྔོན་དུ་བོད་མི་ཚོས་ཚོགས་ཆེན་ཞིག་འདི་ནས་མཇུག་བསྡུས་སོང་། ཚོགས་འདུ་གྲོལ་མ་ཐག་རང་རང་གི་གནས་སུ་འཕུར་སོང་། པེ་ཅིན་དང་ངྷ་སའི་བར་གྱི་འབྲེལ་མོལ་ཡང་མཚམས་ཆད་སོང་། རྒྱ་རྒྱ་ས་ནས་འཁྱོག བོད་བོད་ས་ནས་གུག

བོད་ནང་གི་དམ་དྲག་ནི་སྔར་ལས་ཇེ་ཆེ་ཡིན། དོན་མེད་ལ་འཇུས། ཉེས་མེད་དུ་བསད། ཉེ་ཆར་གཞིས་ཀྱི་བོད་མི་ཞིག་གིས་བཤད་དོན། ཀྲུང་གོ་ལ་ཁྲིམས་ཡོད་པ་རེད། ཡིན་ནའང་། ད་སྐབས་གུང་ཁྲན་ཏང་གི་འོག་ཏུ་བོད་མི་ཞིག་ཡིན་པ་ཙམ་གྱིས་ཁྲིམས་འགལ་ཆགས་ཚར་བ་རེད་ཟེར། ཁོ་ལྟར་ན། བོད་པ་ཞིག་ཡིན་ན་ནག་ཉེས་ཀྱི་ལས་ཀ་བྱས་མེད་ནའང་། བསམ་བློའི་ནང་ནག་ཉེས་ཡོད་པ་རེད་ཟེར། འདུ་ཤེས་འཛིན་སྟངས་ཀྱི་ཆ་ནས་ནག་པོ་ཆགས་ཚར་པ་རེད་ཟེར། བོད་མིའི་ཉེས་དམིགས་ཀྱི་ཚད་འདི་འདྲ་ཞིག་ལ་སླེབས་དུས། སེམས་ནང་གི་དངངས་སྐྲག་ཀྱང་ཇེ་ཆེར་འགྱུར་གིན་ཡོད། མ་གཞི་ནས་བོད་མིའི་ནག་ཉེས་ཀྱི་གཞི་རྩ་སེམས་ཡིན་པར་བརྗོད།

རྒྱལ་སྤྱི་ནས་བལྟས་ནའང་། ཨ་རིའི་སྐད་གྲགས་ཆེ་བའི་མ་རྐང་ཁྲོམ་ར་དེ་མུ་མཐུད་ནས་མར་འགྲིབ་ཀྱིན་ཡོད། ཨ་རིའི་དམག་འཁྲུག་ཀྱང་མུ་མཐུད་དུ་འགྲོ་དགོས། ཡིན་ཡང་ཨ་རིའི་ཕན་ཊ་གྷོན་དམག་སྒར་ལ་འཛམ་གླིང་གི་སྟོབས་ཤུགས་འཛིན་པར་མཁོ་བའི་ཨ་སྒོར་ཐེར་འབུམ་ ༥༣༤ དེ་རག་མིན་མི་ཤེས་ལ། ཨི་རག་དང་ཨབ་གྷན་ནང་གི་དམག་འཁྲུག་གི་འགྲོ་གྲོན་ལ་ཟླ་རེར་ཨ་སྒོར་ཐེར་འབུམ་ ༡༥ རེ་དགོས་པ་དེ་ཡང་རག་མིན་བཤད་ཁག་པར་གྱུར་ཡོད། འོན་ཀྱང་། སྔོན་ཆད་ཀྱི་དབྱིན་ཇི་ལྟར། དཔལ་འབྱོར་ཉམས་རྒུད་འདིས་བཙན་ཤུགས་ཀྱིས་མགོ་རྟིང་སློག་ན་མ་གཏོགས་ཨ་རིས་འཛམ་གླིང་སྟོབས་ཤུགས་ཀྱི་གོ་གནས་འདི་ནས་མགོ་འདོགས་པར་གྲ་སྒྲིག་མི་འདུག་ཟེར།

ར་ཤི་ཡ་ནི་མུ་མཐུད་དུ་ཨ་རིས་སྣེ་ཁྲིད་པའི་བྱང་དམག་དོན་སྒྲིག་འཛུགས་དང་མཉམ་དུ་རྣོ་ངར་ངང་གནས་ཡོད། ཨ་རིའི་མཐུན་ཕྱོགས་ཚོས་ཡུ་ཁུ་ར་ནེ་དང་གྷོར་རྗི་ཡ་གཉིས་ཚུར་བསྡུ་ཐབས་བྱེད་ཀྱི་ཡོད་སྟབས། ར་ཤི་ཡའི་ནང་དུ་ནུབ་ཕྱོགས་ལ་རྒོལ་བའི་ཟིང་ཆ་དང་འདི་དང་འབྲེལ་བའི་ནང་འཁྲུག་སོགས་འབྱུང་བའི་འགལ་རྐྱེན་དག་ཚང་ཡོད་པར་བཤད།

རྡུལ་ཕྲན་མཚོན་ཆ་ཐོགས་པའི་རྒྱ་གར་དང་པཱ་ཀི་སི་ཐན་གཉིས་ཀྱིས་ད་བར་ཀཤཱ་སྨིར་གྱི་དོན་དུ་དམག་འཁྲུག་གསུམ་བརྒྱབས་ཚར་ལ། ཉེ་ཆར་མུམ་བྷེའི་དོན་རྐྱེན་བྱུང་རྗེས་སླར་ཡང་ལྷོ་ཨེ་ཤ་ཡའི་མངའ་ཁུལ་གྱི་ན་ཟུག་ལངས་མགོ་བརྩམས་ཡོད།

ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་གིན་མེད་ནའང་། ཁོང་ཚོར་དོན་དམ་གྱིས་མཁོ་ཚེ་མཚོན་ཆ་བཟོ་ཐུབ་པའི་བར་དུ་རྡུལ་ཕྲན་གྱི་ལས་གཞི་མཇུག་སྐྱོང་གི་ཡོད་ལ། ཨིས་རལ་གྱིས་མུ་མཐུད་ནས་ཨ་རིའི་དམག་འཁྲུག་དེ་ཨི་རན་གྱི་ཐོག་ལ་འདེད་ཐབས་བྱེད་ཀྱི་ཡོད་ཅིང་། གལ་སྲིད་དགོས་གལ་ལ་ཐུག་ན་ཨིས་རལ་རང་ངོས་ནས་ཨི་རན་ལ་ཕར་རྒོལ་བྱས་ཏེ། ཨ་རི་འདི་ཨི་རན་གྱི་དམག་འཁྲུག་སྟེང་འཁྲིད་ཐབས་བྱེད་ཀྱི་ཡོད།

ཨབ་རི་ཁའི་ཆག་འཇིག་དེ་ཌར་ཧྥུར་ནས་སོ་མ་ལི་ཡར་ཕྱོགས་ཤིང་། ད་སྐབས་མི་གྲངས་ས་ཡ་བཅུ་མུ་གེའི་གནས་སྟངས་ལ་ལྷུང་ཡོད། ཨིས་རལ་དང་པཱ་ལི་སི་ཐན་གྱི་དམག་འཁྲུག་དེ་ལོ་ ༦༠ རྗེས་ལ་མུ་མཐུད་ནས་དུད་སྨིག་གི་ཁྲོད་འཐིམ་ཡོད། ཨི་རག་ཡང་མུ་མཐུད་ནས་དྲག་པོ་དང་། འཇིགས་སྣང་གི་འོག་ནས་དུམ་བུ་གསུམ་ལྟ་བུར་གྱེས་ཤིང་། མི་གྲངས་ས་ཡ་གཉིས་ཕྱི་རྒྱལ་ཁག་ཏུ་སྐྱབས་བཅོལ་ལ་ཕྱིན་པ་དང་། ས་ཡ་གཉིས་ནང་ཁུལ་ནས་ཉེན་གཡོལ་དུ་ཕྱིན་ཡོད། དེ་བཞིན་ཨབ་གྷན་ནང་གི་གཏོར་རྒོལ་ཇེ་ཆེ་ཡིན་ལ། ༢༠༠༩ ལོའི་ལོ་སྟོད་ལ་ཨ་རིའི་སྲིད་འཛིན་གསར་པས་མངའ་ཁུལ་དེར་དམག་མི་འཕར་སྣོན་བྱ་རྒྱུ་དང་། དེ་ནས་བཟུང་དམག་འཁྲུག་གི་དུ་བ་ཇེ་མཐུག་ཏུ་འགྲོ་བར་བཤད།

མཐའ་མ་དེར་རྒྱ་ནག་རེད། རྒྱ་ནག་གི་ ༢༠༠༩ ལོའི་དཀའ་རྙོག་ནི་ཕྱིར་བཙོང་གི་འགྲོ་རྒྱུག་མར་ཆགས་པ་བརྒྱུད་སྤྱི་ཚོགས་སྟེང་ལས་མེད་ཀྱི་ཟིང་ཆ་འབྱུང་བ་དང་། དཔལ་འབྱོར་གྱི་ཡོ་འཁྱོམ་འོག་ནས་ཞིང་བ་དང་བཟོ་བའི་འོས་ལངས་འབྱུང་བའི་ཉེན་ཁ། ཤེས་ཡོན་པ་དང་དམངས་གཙོ་དོན་གཉེར་བས་སྣེ་ཁྲིད་པའི་ཆབ་སྲིད་ཀྱི་གསར་བརྗེ་ལས་འགུལ་འབྱུང་སྲིད་པ་བཅས་མདོར་ན་ཕྱོགས་གང་ཐད་ནས་ཉེན་ཁའི་ཕྱོགས་སུ་སྐྱོད་ཀྱིན་པ་བཅས་ཡིན།

མི་ནག་ཚང་ལུང་རིགས་རྒྱལ།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།