འཁྱོངས་བྱ་རྒྱུ།

12/12/2008 18:13

 

གདེང་ཚོད་ཆེན་པོས་དབུ་མའི་ལམ་རྒྱུན་འཁྱོངས་བྱ་རྒྱུ།

 

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ལོ་འདིའི་ནང་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྤྲད་པ་དང༌། དམིགས་བསལ་ཚོགས་ཆེན་བརྒྱུད་བོད་ཕྱི་ནང་དུ་གནས་པའི་བོད་མི་རྣམས་ཀྱིས་ཧ་ཅང་ཚད་མཐོ་བའི་མང་མོས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བསྐྱར་ནན་ཐོབ་པ་འདི་གཉིས་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གལ་ཆེའི་བྱུང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་དང༌། འབྲེལ་མོལ་བདུན་པའི་སྐབས་རྒྱ་ཕྱོགས་ནས་༧གོང་ས་མཆོག་གིས་མིང་དོན་མཚུངས་པའམ་དོན་སྙིང་ལྡན་པའི་རང་སྐྱོང་དགོས་ཚུལ་གསུངས་པའི་དགོངས་དོན་ངོ་མ་ཇི་ཡིན་འགྲེལ་བརྗོད་གསལ་པོ་དགོས་ལུགས་བརྗོད་པ་ལྟར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ཏུ་གསལ་བའི་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་བོད་རིགས་ཡོངས་ལ་ཡོང་ཐབས་ཀྱི་འགྲེལ་བརྗོད་ཆ་ཚང་ཡིག་ཐོག་ཏུ་སྤྲད་ཏེ། རྒྱལ་སྤྱིའི་ནང་ཕྱོགས་གཉིས་ཀའི་ལངས་ཕྱོགས་གསལ་སྟོན་བྱས་པ་འདིས་འབྱུང་འགྱུར་གྲོས་མོལ་མུ་མཐུད་བྱུང་ན་དེའི་གྲོས་གཞི་ངེས་ཅན་དང༌། གནས་སྐབས་གྲོས་མོལ་མུ་མཐུད་མ་བྱུང་ཡང་རྒྱ་ནག་གི་མང་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་གཉིས་ཀར་༧གོང་ས་མཆོག་གི་བཞེད་དགོངས་ཇི་ཡིན་ངོ་སྤྲོད་ཞིབ་གསལ་བྱུང་བའི་དབང་གིས་སུས་ཀྱང་ཚོད་དཔག་དང་སྒྲོ་སྐུར་བྱ་ཡུལ་མེད་པའི་དངོས་དོན་གཏན་འབེབས་བྱས་ཟིན་པས་འབྱུང་འགྱུར་གྲོས་མོལ་གྱི་གནས་བབ་ཇི་ཆགས་ཀྱི་འགན་ཁུར་ཆ་ཚང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་ཡོད་པ་དང༌། བོད་མིའི་ངོས་ནས་གསལ་བརྗོད་བྱ་དགོས་ཆ་ཚང་ཟིན་ཏེ་ཕྱི་ལོ་ ༢༠༠༢ ནས་འགོ་འཛུགས་བྱས་པའི་འབྲེལ་མོལ་གྱི་རིམ་པ་གཅིག་ཚུལ་མཐུན་མཐའ་བསྡོམས་བྱས་ཡོད། ཅེས་གསུངས་ཡོད།

ཁོང་གིས་མུ་མཐུད་དུ་གསུངས་དོན། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དམིགས་བསལ་ཚོགས་ཆེན་ཞིག་བསྡུ་བསྐོང་བྱས་པའི་ནང་དུའང་གོང་མཚུངས་༧གོང་ས་༧སྐྱབས་མགོན་ཆེན་པོའི་ལམ་སྟོན་དང༌། དབུ་མའི་ལམ་གྱྀ་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་པ་བཅས་ལ་བརྟེན། ད་ཆ་བཙན་བྱོལ་གཞུང་གིས་གདེང་ཚོད་ཆེན་པོས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་དམ་འཛིན་ཐུབ་རྒྱུ་མ་ཟད། རྒྱལ་སྤྱིའི་ནང་སྒྲུབ་ཕྱོགས་ཀྱི་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་དང༌། ཁྱད་པར་རྒྱ་ནག་མང་ཚོགས་དང་འབྲེལ་མོལ་གོང་མཐོར་སྤེལ་དགོས་པའི་གོ་སྐབས་སུ་སླེབས་ཡོད། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་ང་ཚོའི་བསམ་འཆར་ཡིག་ཆའི་གྲོས་མོལ་རྒྱུན་སྐྱོང་གནང་འདོད་ཡོད་ཚེ་ང་ཚོའི་ངོས་ནས་གྲོས་མོལ་གྱི་སྒོ་མོ་རྒྱུན་དུ་ཕྱེ་ཡོད། ཅེས་དང༌། བཙན་བྱོལ་བོད་གཞུང་གིས་རྒྱལ་སྤྱིའི་ནང་བོད་རིགས་ཡོངས་ལ་མིང་དོན་མཚུངས་འི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དྲིལ་སྒྲག་དང་སྦྲགས། གོ་རྟོགས་སྤེལ་བའི་ལས་འགུལ་དང༌། རྒྱ་རིགས་མང་ཚོགས་དང་འབྲེལ་མོལ་ཤུགས་ཆེ་རུ་གཏོང་རྒྱུའི་ལས་འགུལ་བཅས་འཆར་གཞི་ལྡན་པའི་ལས་འགུལ་ཁག་གཉིས་ཤུགས་ནུས་བསྐྱེད་དེ་བརྩམ་རྒྱུ་ཡིན་པས་བོད་རིགས་ཡོངས་ནས་ཐུགས་སྣང་དང་མཐུན་འགྱུར་ཤུགས་ཆེ་གནང་བའི་རེ་སྐུལ་བྱེད་ཀྱི་ཡོད། ཅེས་ད་ལྟའི་བཙན་བྱོལ་བོད་གཞུང་གི་ལས་འགུལ་ཁ་ཕྱོགས་གསལ་འདོན་བྱས་པ་མ་ཟད། རྗེས་ལོར་དུས་ཚེས་དང་ས་གནས་གང་འོས་ཤིག་ཏུ་རྒྱ་རིགས་གྲོགས་པོ་རྣམས་ཀྱི་ཚོགས་ཆེན་ཞིག་ཀྱང་བསྐོར་འཆར་ཡོད། ཅེས་གསུངས་སོང༌།

གོང་ཚེས་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་གྱིས་སྤྱི་འཐུས་ཀྱི་གསུང་བཤད་བསྒྲགས་དོན། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བརྩི་སྲུང་ཞུས་པའི་དུས་སྐབས་འཁེལ་བ་ལྷན་ཕྲན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཛམ་གླིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་གཙིགས་ཆེན་བརྩིས་ནས་སྲུང་སྐྱོབ་གནང་མཁན་དང༌། དེ་བཞིན་རང་དབང་མང་གཙོའི་རྒྱལ་ཁབ་ཁག་ལ་ད་དུང་ཡང་བོད་ནང་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གིས་དྲང་བདེན་མིན་པའི་ཁྲིམས་གཅོད་མུ་མཐུད་བྱེད་བཞིན་པ་དང༌། ཉེ་ར་བོད་ནང་རིག་གཞུང་དར་རྒྱས་བཏང་ཡོད་ཚུལ་གྱི་རྒྱབ་ཤ་དཀར་པོའི་དེབ་ཅིག་འགྲེམས་སྤེལ་བྱས་ཡོད་ནའང༌། ད་ལྟ་བོད་ནང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ནང་བོད་མིའི་སྒེར་གཉེར་སློབ་གྲྭ་ཁག་སྒོ་རྒྱག་རྩིས་ཀྱི་ལས་འཆར་མུ་མཐུད་སྒྲིག་བཞིན་པ་སོགས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་ཕྱིན་དང་འགྲོ་མུས་ལ་ངེས་པར་རོགས་སྐྱོར་དགོས་པའི་འབོད་སྐུལ་ཤུགས་ཆེན་ཞུ་རྒྱུ་ཡིན། ཅེས་དང༌། བོད་དོན་འཐབ་རྩོད་ཀྱི་ཐད་དུ་ཁོང་གིས། དེ་རིང་གི་གོ་སྐབས་འདི་བཟུང་སྟེ་རྒྱ་གར་དབུས་དང་ས་གནས་གཞུང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་མཁན་གྱི་རྒྱལ་ཁབ་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་དང༌། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་གྱི་རྒྱབ་གཉེར་སྙན་ཐོ་ལྟར། དབུ་མའི་ལམ་གྱི་ཐབས་ལམ་བརྒྱུད་དེ་བདེན་མཐའ་གསལ་བར་སྔར་ལྷག་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་དང༌། གལ་ཏེ་མ་འོངས་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཀྱི་ལམ་ཕྱོགས་ལ་འགྱུར་བ་ཕྱིན་ན་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པའི་ནན་བཤད་བྱ་རྒྱུ་ཡིན། ཅེས་གསུངས་སོང༌།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།