ཟ་རྒྱུ་ཞིག་ཡོད་ན

17/02/2009 21:35

བོད་ཡིག་འདིའི་སྟེང་ན་ཟ་རྒྱུ་ཞིག་ཡོད་ན་ཅི་མ་རུང་

ནམ་རྒྱུན་ངའི་རྨི་ལམ་ལ་འཁོར་བ་དང་། ངའི་ཁ་ནང་ལ་ཆུ་འཁོར་ས་ནི་མི་རིགས་གཞན་གྱི་སྐད་ཡིག་ནང་ཡོད་པའི་ཟ་རྒྱུ་འཐུང་རྒྱུ་མོད་པོ་དེ་རེད། མི་རིགས་གཞན་གྱི་བྱིས་པ་ཚོ་རང་རང་གི་ཕ་སྐད་དང་མ་སྐད་ཀྱི་ནང་དུ་ཁ་སྐྱིད་ཅིང་རྒྱབ་དྲོ་བའི་རྣམ་པ་དེ་རེད། ཕྱིར་འཁོར་ནས་རང་གི་སྐད་ཡིག་ལ་ལྟ་དུས་མུ་གེ་ཞིག་འཁོར་འདུག་ལ། དུས་ཚིགས་ཤིག་གི་དབང་དུ་བྱས་ན་བོད་ཀྱི་སྐད་ཡིག་ནི་དཔྱིད་ནག་གི་དུས་སྐབས་ལ་ཐོན་འདུག སྐད་ཡིག་འདི་སྤྱོད་མཁན་དག་གི་ལྟོགས་སྐོམ་གྱི་ཕྱོགས་དེ་ཉིན་མཚན་མེད་པར་མཐོང་གི་འདུག

ང་ཚོས་བོད་ཡིག་འདིའི་སྟེང་དུ་ཟ་རྒྱུ་ཞིག་མགྱོགས་པོར་བསྐྲུན་མ་ཐུབ་དུས་མ་འོངས་པའི་མི་རབས་འདི་དག་བོད་ཡིག་གི་སྟེང་ནས་ལྟོགས་ཤི་ཐེབས་རྒྱུ་རེད།

བཤད་སྲོལ་ལ། སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ཟེར། འདིའི་གོ་དོན་ནི་མི་རིགས་དེའི་ལྟོ་གོས་གཏམ་གསུམ་རང་གི་སྐད་ཡིག་དེ་ལ་བརྟེན་ཡོད་པའི་དབང་གིས་རེད། སྐད་ཡིག་གང་ཞིག་ཕྱུག་པོ་ཡིན་མིན་ཡང་སྐད་ཡིག་དེའི་སྟེང་ན་ཟ་རྒྱུ་འཐུང་རྒྱུ་མོད་པོ་ཞིག་ཡོད་མེད་ཀྱི་དོན་རེད། དེར་བརྟེན་སྐད་ཡིག་ཉམས་སོང་ན་མི་རིགས་དེའང་ཉམས་པར་འགྱུར་བའི་རྟེན་འབྲེལ་ངན་པ་འདི་ནི་སྐད་ཡིག་གི་དཔལ་འབྱོར་གྱི་ཐོག་ནས་བྱུང་བར་འདོད།

སྐད་ཡིག་ཅིག་གི་ནང་དུ་ཆོས་དང་རིག་གཞུང་ཟབ་མོ་ཞིག་ཡོད་ཀྱང་དེ་དཔལ་འབྱོར་གྱི་སྐད་ཡིག་མ་ཆགས་དུས། སྐད་ཡིག་དེ་རྒྱུན་གནས་ཡོང་ཐབས་མི་འདུག ང་ཚོས་ད་བར་དུ་བོད་ཀྱི་སྐད་ཡིག་གི་རིན་ཐང་བཤད་དུས་འདིའི་སྤུས་ཀ་ཙམ་དང་། འདི་རླབས་ཆེན་གྱི་མི་སུ་དག་གིས་གཏན་འབེབས་བྱས་ཚུལ། འདིའི་ནང་གི་ཆོས་དང་རིག་གཞུང་གི་ཕྱུག་ཚད་ཅིག་ལབ་ནས་བསྡད་པ་རེད། ཡིན་ཡང་། ང་ཚོས་ད་བར་དུ་རང་གི་བྱིས་པ་ཚོར་བོད་ཀྱི་སྐད་ཡིག་གི་ནང་དུ་ཟ་རྒྱུ་འཐུང་རྒྱུའི་རིགས་གྲ་སྒྲིག་བྱས་མི་འདུག

བོད་ཀྱི་མི་སེར་ནི་སྐྱ་སེར་གཉིས་ཀྱིས་གྲུབ་ཡོད། འདིའི་ཐད་ནས་བཤད་ན། བོད་ཡིག་འདི་ཕྱུག་པོ་ཡིན་ཟེར་མཁན་ནི་སེར་མོ་བའི་སྡེ་རེད། ཁོང་ཚོས་ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་བོད་ཡིག་གི་ནང་ནས་གྱ་ནོམ་པ་དང་ཕུན་སུམ་ཚོགས་པ་ཞིག་འཆད་ཉན་གནང་ཐུབ་གི་འདུག་ལ། བོད་ཡིག་ནི་ལེགས་སྦྱར་གྱི་སྐད་དང་མཉམ་པ་ཞིག་ཡོད་ཅེས་བཤད་གིན་འདུག བསམ་བློ་རྣལ་དུ་བཏང་ན། སྐད་ཆ་འདི་ནི་དཔལ་འབྱོར་གྱི་ཐད་ནས་བཤད་ཡོད་ལ། དོན་དམ་དུ་ཡང་སེར་མོ་བའི་སྡེ་ལ་མཚོན་ན་བོད་ཡིག་ནི་ད་བར་དུ་ཁོང་རྣམ་པའི་དཔལ་འབྱོར་གྱི་སྐད་ཡིག་དེ་ཆགས་ཡོད།

བོད་ཀྱི་སྐད་ཡིག་གི་ནང་དུ་ང་ཚོའི་ཆོས་དང་རིག་གཞུང་གི་རྐང་ཟ་མཁན། ཆོས་དང་རིག་གཞུང་གི་ཤ་ཁྲག་ལ་རོལ་མཁན། ཆོས་དང་རིག་གཞུང་གི་རུས་པ་ཆའ་མཁན། ཆོས་དང་རིག་གཞུང་གི་དྲི་སྣོམ་མཁན། ཆོས་དང་རིག་གཞུང་གི་སྟེང་ནས་ཟ་རྒྱུ་འཐུང་རྒྱུ་མ་རག་པར་རྒྱང་དུ་གྱེད་མཁན་བཅས་ཡོད་པའི་དབང་དུ་བཏང་ན། བོད་ཀྱི་སེར་མོ་བའི་སྡེ་ནི་རིམ་པ་སྔ་མ་གཉིས་ཡིན། ཁོང་ཚོའི་ཤུགས་རྐྱེན་དང་ཁེ་ལས་ཀྱི་དབང་གིས་བོད་ཀྱི་སེར་མོ་བའི་སྡེ་ནི་གཞི་རིམ་མང་ཚོགས་མིན། དེ་བཞིན་ང་ཚོར་ཆོས་དང་རིག་གཞུང་གི་རུས་པ་འཆའ་མཁན་དང་། ཆོས་དང་རིག་གཞུང་གི་དྲི་སྣོམ་མཁན་གྱི་རིམ་པ་ཞིག་ཡོད་ལ། དེ་དག་ནི་བོད་ཀྱི་སྐད་ཡིག་འདི་ཞེན་ཁོག་དང་གོ་སྐབས་ཤིག་གི་འོག་ནས་སྦྱངས་ཏེ། སྤྱི་ཚོགས་སྟེང་བསླེབས་པའི་མི་སྐྱའི་སྡེ་ཆུང་ཆུང་དེ་རེད། ཡིན་ཡང་། གཞི་རིམ་མང་ཚོགས་དང་ལྷག་པར་དུ་བོད་ཀྱི་ཕྱི་རབས་པ་རྣམས་ནི་ཆོས་དང་རིག་གཞུང་གི་སྟེང་ནས་ཟ་རྒྱུ་འཐུང་རྒྱུ་མ་རག་པར་རྒྱང་དུ་གྱེད་མཁན་གྱི་གྲས་ཡིན།

སྐད་ཡིག་ནི་མི་རིགས་དེའི་སྲོག་རྩ་ཡིན་པ་བདེན་ན། གཞི་རིམ་མང་ཚོགས་ཀྱི་རིམ་པ་ནས་བསམ་ན་ང་ཚོའི་སྲོག་རྩ་ནི་སྔ་མོ་ནས་འཆད་མགོ་བརྩམས་ཡོད། བོད་ཡིག་གི་སྟེང་ནས་ཆོས་དང་རིག་གཞུང་ཕར་ཞོག ད་སྐབས་ལྟོ་གོས་གཏམ་གསུམ་གྱི་འཚོ་ཐབས་འགག་འདུག མི་ཞིག་གི་གཞི་རྩའི་དགོས་མཁོ་ནི་ལྟོ་གོས་གཏམ་གསུམ་ཡིན་ན། ང་ཚོས་དགོས་མཁོ་མཐའ་མ་སྟེ། གཏམ་གྱི་རིམ་པ་མ་གཏོགས། བོད་ཡིག་གི་ནང་གི་ལྟོ་གོས་འཚོལ་ཐབས་དེ་ཡར་རྒྱས་བཏང་མི་འདུག ལྷག་པར་དུ་གཞི་རིམ་མང་ཚོགས་ཀྱི་ཚད་གཞིའི་སྟེང་ནས་བཤད་ན་བོད་ཡིག་གིས་ང་ཚོའི་ཁ་རྒྱབ་མི་ཁེབས་པའི་ཚད་དུ་གྱུར་ཡོད།

བོད་ནང་ལ་བཤད་ཅི་དགོས། གངས་སྐྱིད་ཀྱི་ཡིག་ཚང་ཁག་ལ་ཕྱིན་ནའང་བོད་ཡིག་གི་ཐོག་ནས་ཟ་རྒྱུ་ཞིག་མི་རག ཟ་མཁན་ཡང་ཉུང་ཉུང་རེད། བོད་ཕྱི་ནང་གཉིས་གར་བལྟས་ཡོང་དུས། སྤྱི་ཚོགས་སྟེང་བོད་ཡིག་གི་ལྟོ་རག་མཁན་ཚོ་ནི་བོད་ཡིག་གི་དགེ་རྒན་ཚོ་དང་། ཨེམ་ཆི་འགའ་མ་གཏོགས། མང་ཚོགས་ལ་བོད་ཡིག་གི་ནང་གི་ཟ་སྐལ་དེ་བསྐྲུན་མི་འདུག

མི་ནི་ཕུགས་བསམ་གྱི་སྒང་ནས་འཚོ་མཁན་དང་། བྱིས་པ་ཚོ་ནི་ལྷག་པར་དུ་རང་རང་གི་ཡིད་དུ་འོངས་ཤིང་ཞེ་འཁྲེང་བའི་ཕུགས་བསམ་ལ་འཚོལ་སྙེག་བྱེད་མཁན་ཡིན་ཡང་། དེང་གི་བོད་རིགས་གཞོན་སྐྱེས་ཚོའི་ཕུགས་བསམ་ནི་བོད་ཡིག་ལ་འབྲེལ་བ་མེད་པ་ཆགས་ཤིང་། ཕྱིའི་སྐད་ཡིག་གི་ནང་དུའང་ཕུགས་བསམ་བརྟན་པོ་རེ་བཅོལ་མ་ཐུབ་པའི་དབང་གིས་མང་པོ་ཞིག་ནི་ཕུགས་བསམ་མེད་པའི་མི་རབས་ཤིག་ལ་འགྱུར་གྱིན་འདུག

 

འདི་ནི་བོད་ཀྱི་དུས་བབ་གསར་ཁང་

གི་རྩོམ་སྒྲིག་པ་ལུང་རིགས་ལགས་ཀྱི་རྩོམ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།