ཞབས་སོར་འཁོད་པ།

06/12/2011 15:25

 

༧གོང་ས་མཆོག་ཧོན་སུར་རབ་རྒྱས་གླིང་དུ་ཞབས་སོར་འཁོད་པ།

 

བོད་ཀྱི་བང་ཆེན།

ཟླ་འདིའི་ཚེས་ ༤ ཉིན་༧སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

དེ་ཡང་དད་ལྡན་སེར་སྐྱ་སྟོང་ཕྲག་གིས་ལག་ཏུ་ཁ་དར་དང་མེ་ཏོག་ཐོག་ཅིང་། བསང་གཏོང་བ་དང་གསོལ་བ་སྨོན་ལམ་འདེབས་བཞིན་ཞོགས་པ་ནས་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་བསྒུག་འདུག་ལ། ཉིན་གུང་ཆུ་ཚོད་དང་པོར་སླེབས་པ་གཡའ་དག་པའི་ནམ་མཁའ་ནས་ཐད་འཕུར་གནམ་གྲུ་བརྒྱུད་བྱམས་བརྩེའི་འཛུམ་གྱིས་ཕྱུག་པའི་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་དགྱེས་ཞལ་ཉི་མའི་འོད་ཟེར་དང་འགྲོགས་ནས་ཕེབས་བྱུང་བ་དང་། གནམ་ཐང་ནས་གསང་ཆེན་དཔལ་ལྡན་རྒྱུད་སྨན་གྲྭ་ཚང་བར་གྱི་ཕེབས་ལམ་གཡས་གཡོན་གྱི་དད་འདུན་དང་དགའ་སྤྲོས་བརྟས་པའི་སེར་སྐྱ་མང་ཚོགས་ཀྱིས་ཞབས་བརྟན་གསོལ་འདེབས་འདོན་པ་དང་། རྔ་རོལ་གྱིས་བསུ་མ་བྱས་ཤིང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་མི་སྣ་དང་། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་སྤོས་རྒྱ་དང་བཅས་གདན་འདྲེན་ཞུས། ལམ་བར་དུ་༧གོང་ས་མཆོག་གིས་ཐུགས་སྣང་ཆེན་པོས་རིས་མེད་ཀྱི་བླ་སྤྲུལ་ཁག་དང་། རྒན་རབས་མི་སྣ་དག་ལ་དམིགས་བསལ་ཕྱག་དབང་གནང་བ་དང་། དབུ་ཐོད་གཏུགས་ཏེ་ཁམས་འདྲི་བྱེད་བཞིན་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཞབས་སོར་འཁོད་མཚམས་ཕེབས་གདོང་མཛད་སྒོའི་ཚོགས་མགོན་དུ་ཞུགས།

2011-12-4 honsur 2གྲྭ་ཚང་ནས་མན་ཌལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་པ་དང་། ༸གོང་ས་མཆོག་གིས་རྒྱུད་སྨད་གྲྭ་ཚང་དང་། རྫོང་དཀར་ཆོས་སྡེ། སྔགས་པ་གྲྭ་ཚང་བཅས་སུ་གྲྭ་རྒྱུན་དང་དགེ་བཤེས་ཇི་ཡོད། བོད་ནས་གྲྭ་རྒྱུན་གསར་པ་འབྱོར་གྱི་ཡོད་མེད་སོགས་བཀའ་འདྲི་གནང་ཞིང་། ས་གནས་བོད་མིའི་གཞིས་ཆགས་ཀྱི་སོ་ནམ་གནས་སྟངས་སྤྱི་དང་། བྱེ་བྲག་སྲོལ་རྒྱུན་སོ་ནམ་དང་། རྫས་ལུད་ཅན་གྱི་སོ་ནམ་བཅས་གྱི་སྐོར་ལ་ཧ་ཅང་ཐུག་སྣང་ཆེན་པོས་བཀའ་འདྲི་གནང་སོང་། ༸གོང་ས་མཆོག་གིས་ཁོང་དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ་རྒྱུད་སྨད་གྲྭ་ཚང་དུ་ཕེབས་ཐུབ་པས་དགའ་པོ་བྱུང་ཞེས་གསུངས་ཡོད་པ་རེད།

ད་ཐེངས་༧གོང་ས་མཆོག་ཁུལ་འདིར་ཆིབས་བསྒྱུར་བསྐྱངས་ནས་ཉིན་གསུམ་གྱི་རིང་ལ་པཎ་ཆེན་བློ་བཟང་ཆོས་རྒྱན་ཀྱིས་མཛད་པའི་མགོན་པོ་ཀླུ་སྒྲུབ་གྱི་རིམ་པ་ལྔ་པའི་འགྲེལ་བའི་གསུང་ཆོས་གནང་རྒྱུ་ཡིན་པ་དང་། ཚེས་༧ ཉིན་ཧོན་སུར་བོད་མི་རྣམས་ཀྱིས་མགོན་པོ་གང་ལ་བརྟན་བཞུགས་འབུལ་རྒྱུ་དང་། ༧གོང་ས་མཆོག་གིས་རྒྱུད་སྨན་གངས་ཅན་རིག་གནས་སློབ་གྲྭ་དབུ་འབྱེད་གནང་རྒྱུ་བཅས་ཀྱིས་མཛད་འཆར་ཡོད་པ་རེད་འདུག 
མེ་སོར་གསར་འགོད་པས་ཧོན་སུར་རབ་རྒྱས་གླིང་ནས།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།