ཚེ་སྲོག་གི་རིན་ཐང

16/12/2008 11:01

ཚེ་སྲོག་གི་རིན་ཐང་ལ་ངེས་ཤེས་རྙེད་པ།

 

55ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢ སྟེང༌། ངྷ་རམ་ས་ལའི་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་དུ། ཤེས་རབ་དགའ་ཚལ་སློབ་གླིང་གིམི་གསར་བའི་རུ་དཔུང༌། ཞུ་བའི་སློབ་མ་ྐོར་ཅིག་གི་གོ་སྒྲིག་འོག ཚེ་སྲོག་གི་རིན་ཐང་ལ་ངེས་ཤེས་རྙེད་པ། ཞེས་པའི་ད་ལོའི་བོད་ནང་གི་ཞི་རྒོད་ཁྲོད་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཆེད་དུ། མྱ་ངན་གུས་ཚིག་སྐྱོར་ཀློག་གི་ཚོགས་འདུ་ཞིག་བསྐོངས་ཏེ། བོད་ནང་གི་དོན་རྐྱེན དང༌། དེ་དང་འབྲེལ་བའི་བསམ་ཚུལ། བོད་ནས་འབྱོར་བའི་སྙན་ཚིག་སོགས་སྐྱོར་ཀློག་བྱས་ཡོད།

སྐབས་དེར་ཚོགས་འདུའི་མགོ་འཛིན་པ་སློབ་བུ་སྟག་འབུམ་རྒྱལ་ལགས་ཀྱིས་མྱ་ངན་ཚོགས་འདིའི་ངོ་སྤྲོད་དང་འབྲེལ།ཁོ་རང་སྒེར་གྱི་བསམ་ཚུལ་ཁག་ཅིག་བརྗོད་དོན། དེ་རིང་ཁྱེད་ཅག་དཀའ་ཚེགས་ལ་མ་འཛེམ་པར་མྱ་ངན་ཚོགས་འདུ་འདིར་ཞུགས་པར་བཀའ་དྲིན་ཞུ་འོས་ཀྱང༌། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བྱ་བཞག་རླབས་ཆེན་གྱི་ལས་འགུལ་འདིའི་གཟི་བརྗིད་ཁྲོད་ང་ཚོས་ཀྱང་ད་ལྟ་ནས་ཆ་ཤས་ཟིན་ཡོད། འདས་མ་འོངས་ད་ལྟ་གསུམ་གྱི་བོད་དོན་ཁྲོད། བོད་མི་ཡོངས་ལ་མ་བགོས་རང་བབས་སུ་འཁྲི་བའི་འགན་རེ་ཡོད། དེར་བརྟེན། འདི་ནས་ངས་ཆེད་དུ་བཀའ་དྲིན་ཆེ་ཞུ་རྒྱུ་མིན། ད་ལོའི་ལོ་སྟོད་དུ་བོད་ནང་གནམ་ས་བླ་འོག་བརྗེས་བ་ལྟ་བུའི་གོད་ཆག་བྱུང་ཡོད། ང་ཚོ་དང་ཤ་འདྲེས་ཁྲག་འདྲེས་ཀྱི་ཕ་མ་སྤུན་མཆེད་མང་པོའི་ཚེ་སྲོག་འཕྲོག་ཡོད།དེ་ནི་རང་གི་རྒྱལ་འབངས་ལ་གོད་ཆག་ཆེན་པོ་བྱུང་བའི་ལོ་ནག་པོ་ཞིག་ཏུ་ངོས་འཛིན་ཞུ་རྒྱུ་མ་ཟད། ད་ལོའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་སོང་བའི་རྒྱལ་གཅེས་ཆོས་གཅེས་དང༌། མི་རིགས་ཀྱི་ལར་ཞེན་ཟབ་མོ་ཡོད་པའི་དཔའ་བོའི་དཔུང་ཁག་དེར་སེམས་གཏིང་ནས་གུས་འདུད་ཞུ་རྒྱུ་ཡིན། ད་ལོའི་སྤྱི་ཟླ་ ༣ ཚེས་ ༡༠ ཉིན་གྱི་ལྷ་སའི་ཆུ་ཚོད་ ༢ ཐོག་ལྷ་ས་སེ་ར་དགོན་པའི་དགེ་འདུན་པ་བཅུས་གཙུག་ལག་ཁང་མདུན་ནས། བོད་རང་བཙན་ཡིན། ༧གོང་ས་མཆོག་བོད་དུ་ཕེབས་ཤོག ང་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་སྐད་འབོད་བརྒྱབས་ཡོད། དུས་དེ་ནས་བཟུང་ཁམས་དང་ཨ་མདོའི་ཕྱོགས་ནས་གྲྭ་བཙུན་དང་སློབ་མས་སྣེ་ཁྲིད་དེ། རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད། སྔོན་ཆད་ང་ཚོས་སོ་སོའི་ལུང་པ་ནས་ངོ་རྒོལ་བྱེད་ཐེངས་མང་ན་ཡང༌། བོད་ཆོལ་ཁ་གསུམ་དུས་གཅིག་ཏུ་ལངས་ཏེ། དམིགས་ཡུལ་གཅིག་དང་འབོད་སྒྲ་གཅིག་གི་འོག་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ཐོག་མ་ཡིན། དཔལ་ཡོན་ཟུང་དུ་འབྲེལ་བའི་དུས་རབས་ཉེར་གཅིག་པའི་སྟོང་ལོ་བརྒྱད་པ་འདིར་འཛམ་གླིང་ཡུལ་གྲུ་སོ་སོ་དང༌། རླབས་ཆེན་གྱི་ལས་སྒོ་རེ་རེ་ན་ཞི་བདེ་དང༌། འདྲ་མཉམ་གྱི་ལྟ་བ་ཇེ་མཐོ། ཚེ་སྲོག་ལ་བརྩི་ཐོང་ཇེ་ཆེ་ཡིན་ཡང༌། རྒྱ་ནག་གིས་རྒྱལ་སྤྱིའི་ཨོ་རྩེད་མགྲོན་བདག་གི་མིང་བྱང་འོག བོད་མི་རིགས་ལ་ཆེས་གདུག་རྩུབ་དང་ཆེས་ཀླ་ཀློ་ཡི་སྦྱོར་ངན་ལག་བསྟར་བྱས་ཡོད། ཡ་ང་ཞིང་ཞེ་མུག་པའི་དོན་རྐྱེན་འདི་བྱུང་སྟེ་ཟླ་ངོ་དགུ་ཕྱིན་ཡང༌། མི་དམངས་ཀྱི་ཆག་འཇིག་མི་དམངས་ཀྱིས་འཁུར་ཏེ། མགོ་ཡི་སྐྲ་ལོ་བཅད་དེ་ལུས་ཀྱིས་གུས་འདུད་ཞུས་ཡོད། གདོང་ལ་མཚོན་རྩི་བྱུག་སྟེ་ངག་ནས་དམེ་ངག་བཏོན་ཡོད། འོན་ཀྱང༌། གཅེས་སུ་འོས་པའི་རྒྱལ་འབངས་ཀྱི་ཆག་འཇིག་དང༌། གཅེས་སྲོག་མི་རིགས་དང་རྒྱལ་ཁབ་ཆེད་ཕུལ་བའི་འདས་པོ་དེ་དག་གི་ཆེད་དུ། བཙན་བྱོལ་བོད་གཞུང་གིས་ཞལ་འདོན་སྨོན་ལམ་ཙམ་ལས་རྒྱལ་ཡོངས་མྱ་ངན་ཚོགས་ཆེན་ཞིག་བསྐོང་མ་ཐུབ་པར་བློ་ཕམཡོད། ཅེས་བརྗོད་སོང༌། 

སློབ་བུ་ཤེས་བ་ལགས་ཀྱིས་མྱ་ངན་གྱི་གུས་ཚིག་སྐྱོར་བའི་ནང་དོན་སྙིང་བསྡུས་འདི་ལྟར། ང་ཚོས་མྱ་ངན་ཚོགས་འདུ་འདི་བསྐོང་དོན། ང་ཚོ་ཤེས་བྱ་ཡོན་ཏན་ཡོད་པ་མིན་ལ། ང་ཚོར་རྒྱུ་དང་འབྱོར་བ་ཡོད་པའང་མིན། ང་ཚོ་འགྲོ་བ་མིའི་རིགས་ཤིག་དང༌། ཡང་སྒོས་བོད་རིགས་ཤིག་ཡིན་སྟབས། ཟླ་ངོ་དགུར་རེ་བལྟས་བྱ་སའི་ས་བཅད་ཁ་བསྐོང་ཆེད། དེ་རིང་ང་ཚོ་སློབ་ཕྲུག་ཁག་ཅིག་གིས་ཉམས་ཆུང་གིས་མྱ་ངན་བྱེད་རྒྱུ་ཡིན། ལོ་རྒྱུས་ཀྱི་སྲང་ཁར་གོད་ཆག་བྱུང་ཉིན་ནས་བོད་མི་རིགས་ཀྱི་དཔའ་གདངས་དབྱངས་སུ་གྱེར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རང་དབང་དང་འདྲ་མཉམ། དམངས་གཙོ་དང་བདེ་སྐྱིད་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་བྱེད་ཕོད་པའི་མིའི་རིགས་ཀྱི་དཔའ་རྟུལ་ཡིན། དྲག་ཤུགས་དང་དཔུང་དམག་གི་མདུན་ན་འགྱེལ་སླ་ཞིང་འགྲེང་དཀའ་བའི་རྣམ་ཤེས་མང་པོ་མིང་གི་ལྷག་མར་གྱུར་སོང༌། ལོ་འཁོར་གཅིག ལོ་འཁོར་གཉིས། ལོ་ཡི་འཁོར་ལོ་ཏག་ཏག་ལྔ་བཅུར་ཉེ་བའི་སྐབས་འདིར་སླར་ཡང་ཚེ་སྲོག་དུ་མ་ཞིག་ས་ལ་འགྱེལ་སོང༌། འགྱེལ་ཟིན་པའི་གཅེས་སྲོག་དེ་དག་གི་རིན་ཐང་དེ་གསེར་དངུལ་མིན་ལ། ཤོག་སྒོར་ཡང་མིན། ཨར་འདམ་དང་རྣོ་ལྕགས་ལས་གྲུབ་པའི་ཁང་རྩེགས་དེ་བས་མིན་པར། བདེ་སྐྱིད་དང་རང་དབང་གི་བགོ་སྐལ་དེ་ཡིན། ཤུལ་དུ་ལུས་པའི་རྒས་ཤིང་ཁོགས་པའི་ཕ་མ་དེ་དག་ལ་སྙོར་སྐྱོང་སུ་ཡིས་བྱེད། སྙོམ་ལག་མ་རྒྱས་པའི་དྭ་ཕྲུག་དེ་དག་གི་མདུན་ལྗོངས་སུ་ཡིས་འཚོལ༌། ལང་ཚོ་མ་ཡལ་བའི་ཡུག་ཕོ་ཡུག་མོ་དེ་དག་ལ་སྐྱོ་གྲོགས་སུ་ཡིས་བྱ། སྐྱོ་གདུང་གི་ན་ཟུག་འདི་དག་ལ་ཁྲིམས་མཐུན་གྱི་ཐག་གཅོད་མེད་པར་ལུས་སོང༌།

སློབུ་འཇིགས་མེད་ཚེ་རིང་ལགས་ཀྱིས་བོད་འབྱོར་སྙན་ཚིག་ཅིག་སྐྱོར་ཀློག་གནང་བའི་ནང་དོན་སྙིང་བསྡུས་འདི་ལྟར། ཚེ་སྲོག་དང་ས་རྡུལ་མཉམ་དུ་འཐབ་པའི་ཁ་སང༌། ཁྱོད་རང་གཟི་བརྗིད་ཀྱིས་དོང་ལ་ལྷུང་རྗེས། ལག་ཟུང་ལྡུམ་པའི་ངས་ཀྱང་ཀི་རིང་བཏབས་པ་ཐེངས་གཅིག་མིན། ཡུལ་མི་ཚོས་ཁྱོད་ཚོ་གླེང་ནས་ཡུན་རིང་ཞིག་འགོར་མེད་ན་ཡང་སྨྱོན་པ་ཚོས་ཁྱོད་ཚོ་དྲན་ནས་རིང་བོ་ཞིག་ཕྱིན་ཡོད། དུག་རླངས་འཕྱིར་པའི་ཕ་ཡུལ་ནས་རྒྱབ་ལྗོངས་གད་པར་གླན་ནས་ཁྱོད་ཚོ་དྲན་ཚུལ་གསང་ཐབས་མེད། ང་ཚོས་གླེང་ཆོག་ཆོག་གི་རིན་ཐང་ཟེར་བ་དེ་གཟི་བརྗིད་དང་སྤོབས་པས་བཞུད་སོང་བའི་ཚེ་སྲོག་རེ་རེ་ཡིན། གང་ལྟར། རླུང་ནག་གི་བཙན་རྒོལ་ལྟ་བུའི་ལོ་ཟླ་འདིར། རིགས་ཞེན་གྱིས་བྲིད་པའི་གདོང་མཆོངས་པ་ཚོ། སྤོབས་སེམས་ཀྱིས་བརྟས་པའི་སྙིང་སྟོབས་ཅན་ཚོ། ཞེས་སྐྱོར་ཀློག་གནང་སོང༌།

སློབ་བུ་ཚེ་དབང་རིག་འཛིན་ལགས་ཀྱིས་སྐྱོར་བའི་མྱ་ངན་གུས་ཚིག་གི་སྙིང་དོན་འདི་ལྟར། རང་དབངདང་འདྲ་མཉམ་མེད་པའི་མུན་ཀླུང་ནས བདེན་པའི་ལག་ཟུང་བསྐྱངས་ཏེ། མིའི་བདག་དབང་གི་འབོད་སྒྲ་སྒྲོག་ཅིང༌། ཚེ་སྲོག་གི་སྒྲོན་མེ་སྦར་ནས། ངའི་སྤུན་ཟླ་ཚོའི་ཚེ་སྲོག་གི་འོད་སྣང་སྨག་རུམ་གྱིས་བཅོམ་སོང་བའི་ཤུལ་ན། མིའི་རིགས་ཀྱི་སེམས་སུ་ཚེ་སྲོག་གི་འོད་སྣང་འཚེར་གྱིན། གྱེས་གདུང་གི་རྦ་རླབས་འཕྱོ་བཞིན་འདུག ངས་དེ་རིང་མི་ཡུལ་ནས་བདེན་པ་དང་གནས་ལུགས་ལ་བསྐྱབས་བཅོལ་ཏེ། ཚེ་སྲོག་གི་རིན་ཐང་གླེང་བཞིན། གདུངའབོད་ཀྱི་གྱེར་དབྱངས་འཐེན་གྱིན། ང་མི་ཡུལ་ནས་ཁྱེད་ཅག་དང་བར་ཐག་ཇི་ལྟར་རིང་ཡང༌། གཟུགས་མེད་ཀྱི་བརྩེ་བ་གསོན་པོ་ཞིག་གིས། ཐོག་མེད་ཀྱི་རྣམ་ཤེས་འཁྱམས་པོ་ཞིག་གིས། ཁྱེད་ཅག་ལ་མིག་གིས་ཅེར་ནས། མི་གསར་པའི་རུ་དཔུང་གིས་ང་ཚོ་ད་དུང་བརླག་མེད་ཟེར་གྱིན་ཡོད། དབུལ་ཕྱུག་དང་མཁས་བླུན། བཙན་པོ་དང་གཉོམ་ཆུང་ལ་ཁྱད་པར་མེད་པར། འགྲོ་བ་མི་སུ་ལའང་ཚེ་སྲོག་ལས་ལྷག་པའི་གཅེས་ནོར་མེད། ཁྱེད་ཅག་གི་རང་དབང་དང་ཐོབ་ཐང་གི་འབོད་སྒྲ་དེ། གངས་ཅན་པ་རེ་རེའི་ཤ་གསེང་རུས་རྐང་ལ་ཟུག་ཅིང༌། སྐྱོ་གདུང་སྙིང་སྟོབས་སུ་བསྒྱུར་ཏེ། བདེན་དོན་གྱི་དཔལ་འབར་གྱེན་དུ་འབར་གྱིན་ཡོད། ཅེས་བཀོད་འདུག

མཚམས་དེར་སློབ་བུ་རྒྱ་མཚོ་ལགས་ཀྱིས་བོད་འབྱོར་རྩོམ་ཡིག་ཅིག་སྒྲོག་སྦྱོང་གནང་པའི་སྙིང་དོན་འདི་ལྟར། རླབས་ཆེན་གྱི་ཚེ་སྲོག། ཞི་བདེ་དང་འཆམ་མཐུན། འདྲ་མཉམ་དང་དམངས་གཙོ་གཙུག་ཏུ་བཀུར་བའི་རླབས་ཆེན་གྱི་ཉིན་མོ་འདི་ལ། ང་ཚོ་འཇིགས་རོང་གི་གཡུལ་ས་ཞིག་ན་ཡོད་ལ། ཚེ་སྲོག་ལ་རིན་ཐང་མེད་ས་ཞིག་ན་ཡོད། བཞུད་ཟིན་པའི་རྣམ་ཤེས་གསོན་པོ། དེ་རིང་ང་དང་ང་འདྲ་བའི་ཤུལ་ལུས་དྭ་ཕྲུག་སྐོར་ཅིག་གིས། སྐྱོ་བའི་མིག་ཆུ། དྲན་པའི་གདུང་བ། བཟོད་དཀའ་བའི་མནར་སྡུག ལྷད་མེད་ཀྱི་བརྩེ་བ། རེ་བ་དང་ཕུགས་བསམ། གནས་ལུགས་དང་དྲང་བདེན། ཚེ་སྲོག་གི་རིན་ཐང་རེ་རེར་སེམས་བསམ་པའི་གཏིང་ནས་མྱ་ངན་གྱི་གུས་འདུད་ཞུ་བཞིན་ཡོད། གཅེས་སུ་འོས་པའི་ཚེ་སྲོག་རེ་རེར་ཞབས་ཀྱིས་བཅག་པའི་རྐང་རྗེས་འཚོལ་བཞིན་ཡོད།ཅེས་བཀོད་འདུག

སློབ་བུ་བཀྲ་ཤིས་ཀླུ་བྱམས་ལགས་ཀྱི་དགོངས་ཚུལ་དང་མྱ་ངན་གུས་ཚིག་གི་སྙིང་དོན་འདི་ལྟར་ཡིན། མྱ་ངན་གུས་ཚིག་སྒྲོག་སྦྱོང་མ་བྱས་སྔོན་ལ། ང་རང་གི་སེམས་གཏམ་ཞིག་ཞུ་རྒྱུ་ཡོད། བོད་ཀྱི་སྒྱུ་རྩལ་པ་སྨན་བླ་སྐྱབས་ཀྱིས་འདི་ལྟར་བརྗོད་ཡོད། ཕྱི་དགྲར་བཀག་འགོག་བྱེད་དགོས་ན། ནང་རྐུན་ཕམ་པར་རྒྱག་དགོས། ནང་རྐུན་ཕམ་པར་རྒྱག་དགོས་ན། སྟོབས་ཤུགས་ཆིག་སྒྲིལ་བྱ་དགོས། ཞེས་ལབ་ཡོད། སྐད་ཆ་འདིར་ང་ཚོས་བསམ་བློ་ཞིབ་ཏུ་གཏོང་དགོས། ཐོག་མར་རང་ཉིད་ལ་མཛུབ་མོ་བཙུགས་ཏེ། རང་ཉིད་ཀྱི་སྟོབས་ཤུགས་འཚོལ་དགོས། ང་ཚོར་སྟོབས་ཤུགས་མེད་ན་གནས་ལུགས་བཤད་སའང་མེད། ཆབ་སྲིད་ཀྱི་འགྲོ་སྟངས་འོག་ནས། གནད་དོན་ཐག་གཅོད་བྱེད་མཁན་ཉག་གཅིག་ནི་སྟོབས་ཤུགས་ཁོ་ནར་བརྟེན་དགོས། ང་ཚོས་ངེས་པར་དུ་ཆིག་སྒྲིལ་བྱས་ཏེ་སྟོབས་ཤུགས་གསོག་དགོས། དེ་ངའི་སེམས་གཏམ་ཡིན། ཞེས་བརྗོད་པ་དང་ཆབས་གཅིག་མྱ་ངན་གུས་ཚིག་སྒྲོག་མགོ་བརྩམས་སོང༌།གྲོ་བ་མིའི་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་དང་མ་བཀོད་ཀྱི་ཉེས་མེད་མང་པོ་ཞིག རླབས་ཆེན་གྱི་ཚེ་སྲོག་མོད་པོ་ཞིག དམར་པོའི་དཔུང་གི་གཏུམ་སྤྱོད་དང་སྙོན་འཛུགས། གཡོ་སྒྱུ་དང་བསླུ་བྲིད་འོག་གཅིག་རྗེས་གཉིས་མཐུད་དུ་ཤོར་སོང་བ་ཅི་འདྲའི་ཕངས་པ་ལ། ལྟོས་བཅོས་ཀྱི་བདེ་སྐྱིད་ཅིག་གི་འདབ་ལོ་རྒྱས་དང་རྒྱས་བཞིན་པའི་ས་སྒང་རིལ་མོ་འདིའི་ཁ་སང་དེ་རིང༌། ལྷགས་རླུང་རྩུབ་མོས་བཟུང་བའི་མ་ཡུམ་གངས་ལྗོངས་ཀྱི་ལོ་ཟླ་ནག་པོའི་ཁྲོད་ནས། རང་དབང་དང་དམངས་གཙོ། འདྲ་མཉམ་བཅས་ཀྱི་ལོངས་སྤྱོད་ཅིག་ཐོབ་འདོད་ཀྱི་ཞི་རྒོལ་ཆེན་པོ་ཞིག་ཁད་ཀྱིས་ངའི་ཕ་ས་ཕ་ཡུལ་མདོ་དབུས་མཐོ་སྒང་ལ་འཁེབས། འཆམ་མཐུན་གྱི་འབོད་སྐུལ་དེའི་འབྲས་རྟགས་ལ། ང་དང་ཤ་རུས་ཁྲག་གསུམ་འདྲེས་ཤིང༌། ང་དངགདོང་རྒྱུད་གཅིག་ལས་མཆེད་པའི་སྤུན་ཟླ་མང་པོ་ཞིག་གི་རིན་ཆེན་གཅེས་སྲོག་གཅིག་རྗེས་གཉིས་མཐུད་དུ་འཆོར་བཞིན་འདུག གཉོམ་ལག་རྒྱས་དང་རྒྱས་བཞིན་པའི་ཚེ་སྲོག་གྲངས་མེད་ཅིག ཚེ་སྲོག་གི་མཛེས་སྡུག་དང་མ་འོངས་པའི་ཚེ་སྲོག་གི་ཆེད་དུ་དྲག་མཚོན་གྱི་འོག་ཏུ་བསྐྱལ། མིའི་རིགས་ཀྱི་སྤྱི་མཐུན་གྱི་ཁེ་དབང༌། འདྲ་མཉམ། རང་དབང༌། དམངས་གཙོ་སོགས་འགྲོ་བ་མིའི་རིགས་ཐུན་མོང་ལོངས་སྤྱོད་ཀྱི་ལྟོགས་སྐོམ་གྱིས་མནར་བའི་སྤུ་ཟླ་ཚོས། གདུག་རྩུབ་དང་སྐྱོ་གར་གྱི་ལོ་རྒྱུས་མཇུག་སྒྲིལ་བའི་དབུ་འཁྱུད་འབྲི་འདོད་ཅི་འདྲའི་ཆེ་ཨང༌། ཞེས་བརྗོད་བྱུང༌།

སྐབས་དེར་བོད་གཞུང་དཔེ་མཛོད་ཁང་གི་ལས་བྱེད་མཁན་པོ་བསྟན་སྐྱོང་ལགས་ཀྱིས་སློབ་ཕྲུག་ཚོའི་ལས་འགུལ་འདི་ལ་རྒྱབ་སྐྱོར་གྱི་ཚུལ་དུ་གསུངས་དོན། ཐེངས་འདིར་ང་ལ་ཆེད་དུ་གྲ་སྒྲིག་བྱས་པའི་མྱ་ངན་གྱི་གུས་ཚིག་གང་ཡང་མེད། སློབ་ཕྲུག་ཚོའི་མྱ་ངན་ཚོགས་འདུ་འདིའི་ཁ་བྱང་ལ། ཚེ་སྲོག་གི་རིན་ཐང་ལ་ངེས་ཤེས་རྙེད་པ། ཟེར་བ་ལྟར་རེད། སྤྱིར་ལོ་རྒྱུས་སྟེང་ལ་བསམ་བློ་བཏང་ན། ང་ཚོའི་བོད་ཆེན་པོའི་རྒྱལ་ཁབ་ཀྱི་མི་རིགས་དེ་ཆེས་དཔའ་མཛངས་ལྡན་པའི་མི་རིགས་ཤིག་ཡིན་པ་ངོས་ཟིན་དགོས། ཡིན་ནའང་བོད་སིལ་བུར་འཐོར་རྗེས་བོད་ཆེན་པོའི་སྟོབས་ཤུགས་ཆིག་སྒྲིལ་མ་ཡོང་སྟབས། མཐའ་འཁོར་གྱི་རྒྱལ་ཁབ་མང་པོས་བོད་ཆེན་པོར་བཙན་འཛུལ་བྱས་ཏེ། བོད་འབངས་སྤྱིའི་སྟེང་ལ་ཆག་འཇིག་དང་དཀའ་སྡུག་ཚད་ལས་བརྒལ་བ་ཞིག་བྱུང་ཡོད། མདུན་དུ་སྐྱོད་དགོས་ན་རྒྱབ་ལ་བལྟ་དགོས་གསུངས་པ་བཞིན། ང་ཚོས་ལོ་རྒྱུས་ཀྱི་འགག་རྩ་དེ་དག་རྟོགས་དགོས་ལ། འགག་རྩ་དེ་དག་བཀྲོལ་ཡང་དགོས། འདི་དག་ཡོད་ཚད་ད་བར་ང་ཚོར་ཆིག་སྒྲིལ་དང་མཐོང་རྒྱ་མེད་པ་ལས་བྱུང་བའི་སྡུག་ངལ་ཉག་གཅིག་ཡིན་པ་ལས་བོད་མི་རིགས་ལ་སྙིང་སྟོབས་མེད་པ་ལས་བྱུང་བ་ཞིག་མ་རེད། བོད་པ་འདི་ཚེ་སྲོག་བློས་གཏོང་ལ་ཐེ་ཚོམ་མེད་པའི་ཨེ་ཤ་ཡའི་མི་རིགས་དཔའ་བོ་ཞིག་ཡིན། མྱ་ངན་གྱི་རྡོ་རིང་བཞེངས་བ་དང་མྱ་ངན་གུས་ཚིག་སྐྱོར་བ་ཡག་པོ་ཡིན་ཡང༌། དེ་ཙམ་གྱི་གལ་ཆེན་མིན། དེ་བས་ང་ཚོའི་སེམས་ངོགས་སུ་རྡོ་རིང་བསྐྲུན་དགོས། ང་ཚོའི་སེམས་ཁུངས་ནས་འདས་ཟིན་པའི་རྒྱལ་གཅེས་པ་ཚོར་གུས་འདུད་ཞུ་རྒྱུ་དེ་གལ་ཆེན་ཡིན། ང་ཚོས་སྡུག་བསྔལ་གྱི་མིག་ཆུ་འདོན་པའི་ཉིན་མོ་ཡང་དཔའ་བོ་དཔའ་མོ་དེ་དག་བརྗེད་མི་ཉན་ལ། དགའ་སྐྱིད་ཀྱི་གསོལ་སྟོན་བཤམ་པའི་ཉིན་མོ་ཡང་དེ་དག་བརྗེད་མི་རུང༌། ཞེས་བརྗོད་སོང༌།

དེ་དང་འབྲེལ་ཏེ་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་བརྗོད་དོན། ང་ལ་མཚོན་ན། དྭངས་གཙང་གི་སེམས་ཁམས་ཁྱེར་ནས་སད་རྟོགས་ཀྱི་གནས་གང་ཞིག་ལ་རེ་རྙེག་བྱེད་མཁན་གྱི་སློབ་མའི་སྙན་ངག་ཀློག་རྒྱུར་ཧ་ཅང་དགའ། རྒྱུ་མཚན་ང་ཚོ་ཚང་མ་སད་རྟོགས་པ་མིན་ལ། སད་རྟོགས་ཀྱི་འབྲས་བུར་རེ་སྙེག་བྱེད་མཁན་གྱི་སློབ་མ་ཡིན་ཡང༌། རྨོངས་འཐོམ་པ་མ་ཡིན་པར་རྨོངས་འཐོམ་སྤྱི་ཚོགས་ཀྱི་སྐྱོན་འཚང་ཐེར་འདོན་བྱེད་མཁན་དེ་ཡིན། མི་ལ་ལས་ཁྱེད་ཅག་ནི་མ་རྟོགས་པ་དང༌། ལོག་རྟོགས་པ་རྐྱང་རེད་ཟེར་ནས་སྨོད་ན་ཐང་མོད། དེ་ལ་ཞེད་དགོས་དོན་མེད། ངེད་ཅག་ནི་རང་སྣང་རང་ལ་དག་པའི་དཔའི་དཔུང་ཚོགས་རྣལ་མ་ཞིག་ཡིན། འཇར་མན་གྱི་རྩོམ་པ་པོ་ནི་ཐི་ཛས་ཆིས་ཡིས། སྐྱེས་བུ་ག་གེ་མོས་འཆར་སྣང་གི་འཇིག་རྟེན་བློས་བསླངས་བྱས་རྗེས། དེ་གཙོར་བཟུང་གིས་དངོས་ཡོད་འཇིག་རྟེན་དང་དེའི་རིན་ཐང༌། བདེན་པར་གྲུབཔ་བཅས་ཀྱི་རང་བཞིན་ཕལ་བའི་གོ་སར་བཞགས་པ་རེད། གནའ་ནས་ད་བར་འཁྲུལ་ཤེས་བླུན་རྨོངས་རང་བཞིན་གྱིས་དངོས་ཡོད་འཚོ་བ་འབག་བཙོག་བཟོ་ཞིང༌། དེ་ལྟ་བུའི་འབག་བཙོག་ནི་མིས་རང་གི་སྐྱེས་ཐོབ་ཀྱི་རྣམ་དཔྱོད་དེ་ཐོག་མའི་འབྱུང་ཁུངས་ནས་མ་ཡིན་ཡིན་མདོག་གི་ཚུལ་འཆོས་ཕྱོགས་སུ་བསྒྱུར་བའི་ཉེར་ལེན་རེད་ལ། ངོ་མ་བཤད་ན། དེ་ལྟར་བྱས་པའི་མཇུག་འབྲས་ཀྱིས་མི་རང་ཉིད་ཀྱི་སྐྱེས་འཕེལ་དང་མདུན་ལམ་ལ་ཕན་ཐོག་ཡོད་པ། དོན་དངོས་བརྩི་འཇོག་དགོས་པའི་བྱ་དངོས་མང་པོ་ཞིག་ཏན་ཏན་ལྡོག་ཕྱོགས་ནས་ཁ་གཏད་ཆགས་པ་རེད་ལ། མདོར་ན། དེ་ལྟར་དད་སེམས་ཀྱིས་སླུས་པའི་འདུ་ཤེས་ཀྱི་ནོར་འཁྲུལ་ནི་གློ་བུར་དུ་བྱུང་བ་ཞིག་མིན་པར། མིས་བསམ་གཟེས་ནས་བཟོས་པ་རང་རེད། གསུངས་ཡོད། ཅེས་བརྗོད་སོང༌།

ཇུག་མཐར། ཀིརྟི་བྱིས་པ་གྲྭ་ཚང་གི་སྒྲོན་མེ་དཔེ་ཚོགས་ཀྱི་རྩོམ་སྒྲིག་པ་རྨེའུ་དཀོན་རྒྱམ་ལགས་ཀྱིས་གསུངས་དོན། ད་ལོ་བོད་ནང་དོན་རྐྱེན་བྱུང་བ་ནས་དེའི་སྐོར་ལ་བཙན་བྱོལ་སྤྱི་ཚོགས་ནང་བགྲོ་གླེང་མང་པོ་ཞིག་བྱུང་ཡོད་ལ། དེ་དག་ཕལ་ཆེ་བའི་སྟེང་ང་རང་ཟུར་ཉན་དུ་བཅར་བ་ཡིན། སྤྱིར་མྱ་ངན་ཚོགས་འདུ་འདིའི་སྟེང་ནས་སེམས་མ་སྐྱིད་པ་ཞིག་བྱུང་དགོས་ཀྱང༌། དེ་རིང་ང་ལ་དམིགས་བསལ་གྱིས་གདེང་སྤོབས་ཤིག་དང་དགའ་ཚོར་ཞིག་སླེབས་སོང༌། གང་ཡིན་ཟེར་ན། དེ་ལ་རྒྱུ་མཚན་གཉིས་ཡོད། དང་པོ། ཚོགས་འདུ་གོ་སྒྲིག་བྱེད་མཁན་ཚོའི་མིང་ལ་མི་གསར་བའི་རུ་དཔུང་ཞེས་བཏགས་འདུག མིང་ཚིག་འདི་གདེང་ཚོད་དང་སྤོབས་པ་གང་འདྲ་ཞིག་གི་འོག་ནས་བྱུང་བ་རེད། ཁོང་ཚོའི་བསམ་བློའི་ནང་ཆ་རྐྱེན་ཡོད་མེད་ལ་མ་ལྟོས་པར་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་སོ་སོའི་མི་རིགས་ཀྱི་ཐོབ་ཐང་དང༌། སྨྲ་བརྗོད་རང་དབང༌། མ་འོངས་མི་རབས་ཚོའི་ཆེད་དུ་རང་རང་ལ་འོས་འགན་ཡོད་པར་ངེས་ཤེས་བརྙེད་ཡོད། གཉིས་པ། ངྷ་རམ་ས་ལ་ཁུལ་དུ་རིག་གནས་དང་ཆབ་སྲིད། དཔལ་འབྱོར། སྤྱི་ཚོགས་བདེ་དོན་སོགས་གནད་དོན་མང་པོའི་སྟེང་བགྲོ་གླེང་ནམ་རྒྱུན་བྱེད་ཀྱིན་ཡོད་ཀྱང༌། དབྱིན་སྐད་དང་རྒྱ་སྐད། རྒྱ་གར་སྐད་སོགས་འདྲེས་མའི་སྐད་རྐྱང་རྐྱང་རེད། གོང་ནས་སློབ་གྲོགས་ཚོས་མྱ་ངན་གྱི་གུས་ཚིག་སྐྱོར་སྐབས། བགྲོ་གླེང་གཞན་དག་དང་མི་འདྲ་བར་བོད་སྐད་གཙང་མ་རྒྱག་གིན་འདུག དེ་གཉིས་ནི་ང་རང་གདེང་སྤོབས་དང་དགའ་སྤྲོ་སྐྱེས་སའི་གཞི་རེད། ཅེས་བརྗོད་སོང།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།