མུན་ནག་གི་ལོ་ལྔ་བཅུ།

13/07/2009 10:35

མནར་གཅོད་མུན་ནག་གི་ལོ་ལྔ་བཅུ།

ཉེ་བའི་ཆར་བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བའི་སྟེང་༵༵ཞིང་བྲན་ལ་བཅིངས་འགྲོལ་བཏང་བ་ནི་མི་མང་གི་

རྒྱལ་ཁ་ཡིནཀཀཟེར་བའི་འགོ་བརྗོད་འོག་རྩོམ་ཡིག་ཅིག་སྤེལ་ཡོད་པ་དང༌། རྩོམ་ཡིག་དེའི་ནང་དོན་གཙོ་བོ་ནི།

རྒྱ་ནག་གཞུང་གིས་བཀའ་རྒྱ་བཏང་བ་ལྟར་ཕྱི་ལོ་༢༠༠༩ ཟླ་༣ ཚེས་༢༨ དེ་ཉིད་བོད་ཀྱི་ཞིང་བྲན་པ་ཁྲི་ཚོ་བརྒྱར་

བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་པར་དགའ་འབོད་ཞུ་བའི་ཕྱིར་དུ་ཡིན་ཚུལ་དང༌།

བོད་ཀྱི་ལམ་ལུགས་རྙིང་པ་ཆེས་གདུག་རྩུབ་དང་མུན་ནག་ཡིན་པ་མ་ཟད། ྋགོང་ས་སྐུ་ཕྲེང་རིམ་བྱོན་ནི་བོད་མི་

རིགས་ལ་གདུག་རྩུབ་ཚད་མེད་གཏོང་མཁན་གྱི་བྱེད་གཏེ་ཡིན་ཚུལ་ཡང་བཀོད་པ་རེད། བོད་རྙིང་པའི་ལམ་ལུགས་

ཆ་ཚང་ཡང་དག་པ་ཞིག་ཡིན་མི་སྲིད་པ་དང༌།      ལྷག་པར་དུ་དེ་རིང་ཁ་སང་གི་སྤྱི་ཚོགས་ཀྱི་གནས་སྟངས་ཚད་

ཐིག་ཏུ་བཟུང་ནས་འདས་པའི་ལོ་བརྒྱ་ཕྲག་མང་པོའི་སྔོན་གྱི་ལོ་རྒྱུས་ལ་དཔྱད་པ་བྱེད་འོས་པ་ཞིག་མིན་ལ། དཔེར་

ན་རྒྱ་ནག་གི་ལོ་རྒྱུས་ནང་སྐྱུག་བྲོ་བའི་ལམ་ལུགས་འདྲ་མིན་ཡོད་པ་རྒྱ་ནག་གིས་དེང་དུས་འཁྲབ་སྟོན་བྱས་པའི་ལོ་

རྒྱུས་སྐོར་གྱི་གློག་བརྙན་ཁག་ལས་ཀྱང་ཤེས་ཐུབ་པ་དང༌།    ལོ་བརྒྱ་ཙམ་གྱི་སྔོན་ལ་ཨ་རིའི་ལུངས་ལ་མཚོན་ན་མི་

རིགས་དཀར་པོ་དང་ནག་པོ་གཉིས་རླངས་འཁོར་གཅིག་གི་ནང་དུ་འགྲོ་སྡོད་བྱེད་དཀའ་བ་དང༌། དེའི་རྗེས་སུའང་

མི་རིགས་ནག་པོ་ལ་འོས་ཤོག་བླུག་རྒྱུའི་ཐོབ་ཐང་མེད་པ་ལྟ་ཅི། མི་རིགས་དཀར་པོའི་བྲན་གཡོག་ཉག་གཅིག་ཡིན་

ནའང༌། ད་ལྟའི་ཆར་འཛམ་གླིང་གི་ཆེས་སྟོབས་ཆེ་བའི་རྒྱལ་ཁབ་ཨ་རིའི་དབུ་ཁྲིད་ཀྱང་མི་རིགས་ནག་པོ་ཞིག་ཆགས་

པ་རེད། འདི་དག་ནི་སྤྱི་ཚོགས་གནས་སྟངས་ཀྱི་ཆ་ནས་ཀྱང་ཅུང་ཙམ་མི་འདྲ་བ་རེ་ཡོད་སྲིད་པའི་དཔེ་མཚོན་ཙམ་

ཡིན།        རྒྱ་ནག་གཞུང་གིས་ཡར་རྒྱས་དང་འདྲ་མཉམ་ཞེས་པའི་ཁ་གཡང་ག་ཚོད་བསྒྲགས་ཀྱང་སྲིད་འཛིན་དང་

སྲིད་བློན་དེ་ག་དུས་གྲངས་ཉུང་མི་རིགས་ཤིག་ཆགས་སྲིད་ཀྱི་རེད་ཅེས་པའི་དྲི་བ་དེ་ལ་ལན་མེད་པར་ཁ་གདང་ནས་

མི་སྡོད་ཀ་མེད་དུ་གྱུར་ཡོད།     འཛམ་བུ་གླིང་གི་ཁོར་ཡུག་ཀུན་ཏུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་སུ་གཏོང་བཞིན་

པའི་སྐབས་འདིར་རྒྱ་གཞུང་གིས་ཕྱིར་བཤིག་རྒྱག་བཞིན་པའང་ད་ལྟའི་གནས་སྟངས་རེད།
    དུས་རབས་གོང་མ་རྣམས་ཀྱི་སྐབས་འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་དང་གཅིག་མཚུངས་བཞིན། བོད་པའི་སྤྱི་

ཚོགས་ཁྲོད་ལེགས་བཅོས་དང་ཡར་རྒྱས་གཏོང་དགོས་པ་མང་དག་ཅིག་གཟིགས་ནས་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་

ཆེན་པོ་མཆོག་གིས་ལེགས་བཅོས་གང་མང་གནང་ཡོད་ལ། ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་

གིས་སྤྱི་ཚོགས་རྙིང་པའི་ནང་སྐུ་དྲག་དང་དགོན་སྡེ་ཁག་གིས་སྐྱེད་ཀ་མཐོ་བའི་བུ་ལོན་སྣ་ཚོགས་བཏང་ནས་མི་མང་ལ་

དཀའ་ངལ་གང་མང་སྤྲད་པའི་གནས་སྟངས་དངོས་ལ་གཟིགས་ནས།     ༡༩༥༤ ལོར་ལེགས་བཅོས་ལས་ཁུངས་གསར་

འཛུགས་གནང་ཡོད་པ་དང༌། དེའི་དམིགས་ཡུལ་གཙོ་བོ་ནི་ཆབ་འབངས་མི་སེར་ལ་བརྡབ་གསིག་མི་འབྱུང་བ་དང༌།

གཞུང་སྒེར་ཆོས་གསུམ་ལ་བུ་ལོན་སྤྲོད་འཇལ་མི་ཐུབ་པའི་མི་སེར་ཉམ་ཐག་རྣམས་ཀྱི་འབྲུ་དངུལ་བུན་ཆད་ཇི་ཡོད་རྩ་

ཆག་དང༌།     ཅུང་འཁོས་དྲག་པ་རྣམས་ལ་སྐྱེད་ཀ་ཆག་ཡང་དང་མ་དུས་བཀག་ནང་སྤྱིར་སྤྲོད་དགོས་པ་སོགས་ལྷ་ས་

ཁུལ་ཙམ་མ་ཡིན་པར་ས་གནས་རྫོང་གཞིས་ཁག་ལའང་གཅིག་གྱུར་གྱིས་གཏན་འབེབས་ལག་བསྟར་གནང་ཡོད། དེ་

བཞིན་ྋགོང་ས་མཆོག་དང་བོད་རིགས་འབུམ་གཅིག་ཙམ་བཙན་བྱོལ་དུ་འབྱོར་མ་ཐག་ཆབ་སྲིད་མང་གཙོའི་ལམ་

སྲོལ་དུ་བསྒྱུར་གནང་མཛད་པ་དང༌། དེང་སྐབས་རྒྱ་གཞུང་གིས་བཀས་བཀོད་རྒྱུད་འཛིན་རིང་ལུགས་རོ་ལངས་རྒྱག་

གི་ཡོད་ཚུལ་བཤད་བཞིན་ཡོད་ཀྱང༌། ྋགོང་ས་མཆོག་གིས་མི་ལོ་ལྔ་བཅུའི་སྔོན་ནས་ལམ་ལུགས་དེ་མིང་གི་ལྷག་མ་

ཙམ་དུ་བསྒྱུར་ཟིན་པ་རེད།        དཔེ་མཚོན་གཅིག་གིས་ཐོག་ནས་བཤད་ན་བཙན་བྱོལ་ཁྲོད་བཀའ་བློན་ཁྲི་པ་ཡང་

གནང་མྱོང་ཡོད་པའི་དབང་འདུས་རྡོ་རྗེ་ལགས་ཀྱིས་བྲིས་པའི་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་ཀྱི་ཁ་བྱང་དུ།   སྒེར་ཟུར་

ཁང་གི་གཡོག་ནས་བཀའ་བློན་ཁྲི་པའི་བར་གྱི་ལོ་རྒྱུསཀཀཞེས་བྲིས་ཡོད་པ་དང༌། གཟི་བརྗིད་ཅན་གྱི་དེབ་དེའི་མིང་

བྱང་ཙམ་གྱིས་ཀྱང་ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་དེ་མང་གཙོའི་ལམ་དུ་བསྐྱོད་བཞིན་

པ་ལས། བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་རྔ་མ་ལ་འཐམས་ནས་བསྡད་མེད་པ་ཤེས་ཐུབ། རྒྱ་གཞུང་གིས་ད་ལྟའི་

ཆར་ཡང་ཤེས་ཡོན་དང་འཇོན་ཐང་གང་ཡང་མེད་ཀྱང་སྐུ་དྲག་མི་དྲག་གི་རྒྱུད་འཛིན་པ་དང༌། བླ་སྤྲུལ་གྱི་མིང་འཛིན་

པ། ས་གནས་ཁག་གི་སྡེ་དཔོན་ཅུང་ཤུགས་ཆེ་བ་རྣམས་ཀྱི་བུ་རྒྱུད་བཅས་ཆབ་སྲིད་གྲོས་མོལ་ཁང་ཟེར་བའི་མིང་ཐོག་

ནས་གསོ་སྐྱོང་བྱེད་བཞིན་པ་འདི།     དོན་དངོས་རྒྱ་གཞུང་གིས་བཤད་པའི་བཀས་བཀོད་རྒྱུན་འཛིན་པའི་ཤུལ་ལྷག་

དང་མེ་རོ་དེ་ད་ལྟའི་ཆར་ཡང་གསོ་སྐྱོང་དང་བེད་སྤྱོད་བྱེད་བཞིན་ཡོད་པ་རེད། མདོར་ན་རྒྱ་གཞུང་གིས་ལོ་ལྔ་བཅུ་

འཁོར་བའི་དུས་དྲན་ཟེར་བ་འདི་ཆེད་དུ་བོད་པའི་སྤྱི་ཚོགས་ཟང་ཟིང་བཟོ་ཆེད་ཡིན་པ་དང༌། དེ་ལ་བརྟེན་ནས་ཁག་

ཅིག་ལ་ཁེ་བཟང་གི་ཆེད་དུ་དམིགས་པའང་ཡིན་ངེས། གང་ལྟར་བཅིངས་འགྲོལ་ཐོབ་ནས་ལོ་ལྔ་བཅུ་འཁོར་བ་ཞིག་

མ་ཡིན་པར་མནར་གཅོད་མུན་ནག་གི་ལོ་ལྔ་བཅུ་འཁོར་བ་བོད་རིགས་མི་མང་གི་སེམས་ལ་གསལ་ཐག་ཆོད་ཡིན།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།