མུན་ནག་གི་འཇིག་རྟེན།

01/09/2009 19:40

མུན་ནག་གི་འཇིག་རྟེན།

 

འཛིན་མེད་སྟོང་བའི་ཁང་ཁྱིམ་གཞལ་མེད་ཆེན་པོ་འདི།།

ལྷ་འདྲེ་སྟོང་གི་རྐང་བྲོ་རྡུང་སའི་དོ་ར་དང་།།

ཤ་ཟ་སྟོང་གི་འཚོ་བ་བ་རྟེན་སའི་གནས་མལ་དང་།།

བེམ་པོ་སྟོང་གི་མཁར་རྫོང་བརྩེགས་པའི་རོ་ཁང་རེད།།

 

གཤིན་རྗེའི་ཞགས་པ་སྐེ་ལ་སྐོན་པའི་སེམས་ཅན་རྣམས།།

མ་རིག་དུག་གསུམ་ཟས་སུ་རོལ་མཁན་ཤ་སྟག་རེད།།

མི་རྟག་འཆི་བའི་རྗེས་སུ་སྙེག་གིན་སྙེག་གིན་དུ།།

སྡིག་དང་འདྲེས་པའི་འཚོ་བ་འདི་ལ་བག་ཆགས་ཆེ།།

 

དུས་ཀྱི་འགྱུར་ལྡོག་མདང་གི་མ་ཉལ་རྨི་ལམ་བཞིན།།

ཤར་གྱི་བུ་མོས་ནུབ་ལ་ཐོད་རྒོལ་ཇུ་ལྟར་མྱུར།།

དུས་རབས་ཉེར་གཅིག་གོ་ལའི་སྒང་ལ་མགྲོན་དུ་བསུས།།

ས་ཆུ་མེ་རླུང་འབྱུང་བ་འཁྲུག་པའི་ཡོ་ལང་ཆེ།།

 

ཕྱི་གླིང་བ་ཡིས་རིག་པའི་སྒོ་མོ་གསར་དུ་འབྱེད།།

ཚན་རིག་རྩལ་གྱི་འཛམ་གླིང་ཧྲིལ་པོ་དབང་དུ་བསྒྱུར།།

ཕྲག་དོག་ན་བུན་གཅིག་སེམས་གཅིག་ལ་འགྲན་གླེང་མང་།།

གོ་ལ་ཧྲིལ་པོ་རྡུལ་ཕྲན་མཚོན་ཆའི་ཟས་སུ་གྱུར།།

 

དངོས་ཡོད་རིག་པས་རང་གཞན་མནོ་བསམ་མ་བཏང་པས།།

རང་དོན་ཁོ་ནར་རང་འདོད་བྱེད་པ་ཐལ་དྲག་ནས།།

ལོ་རབས་འདི་ཡི་མནར་གཅོད་དམར་པོ་ཤིན་ཏི་ལྕི།།

ས་ཡི་གོ་ལའི་དབུགས་རྒྱུན་ཕྲ་མོ་ཆད་ལ་ཉེ།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།