མི་ལོ་ཧྲིལ་པོ་50

13/07/2009 10:36

མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དེ་རིང༌།

བོད་ཀྱི་རྒྱལ་ས་ལྷ་སར་བོད་རིགས་རྣམས་ཀྱིས་རྒྱ་ནག་གཞུང་གི་ཞི་བའི་སྒེར་ལངས་བྱས་ནས་མི་ལོ་ཧྲིལ་པོ་༥༠

འཁོར་བའི་དུས་དྲན་གྱི་ཉིན་མོར་མི་ལོ་ལྔ་བཅུའི་རིང་གི་བོད་རྒྱའི་འཐབ་རྩོད་ཀྱི་གནས་བབས་ལ་ཕྱི་མིག་ཅིག་

བལྟས་ན། རྒྱ་དམར་གཞུང་གིས་བོད་ཡུལ་ཡོངས་སུ་རྫོགས་པ་བཙན་འོག་དང་དམ་དྲག་གི་འོག་ཏུ་བཅུག་ཐུབ་

ཡོད་ཀྱང༌། ཕྱོགས་གཅིག་ནས་མི་ལོ་༥༠རིང་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་གོམ་ཁ་གཏན་ནས་ལྷོད་མ་མྱོང་

བས་རྒྱ་དམར་གཞུང་ལ་མཚོན་ན་བོད་ཀྱི་གནད་དོན་དེ་ལྕགས་ཀྱི་ཐོ་ལུམ་ཞིག་ཁོག་ཏུ་མིད་པ་དང་མཚུངས་པར་

གཏན་ནས་ཞུ་མ་ཐུབ་པར་ཁོག་པའི་ནང་གི་ན་ཚ་ཞིག་ཏུ་གྱུར་ནས་བཤལ་སྐྱུག་གང་རུང་ཞིག་མི་བྱེད་ཐབས་མེད་

དུ་གྱུར་ཡོད། ད་ལྟའི་དུས་འདིར་རྒྱ་དམར་གཞུང་གི་ངོས་ནས་བོད་པ་མང་པོ་ཞིག་ལ་བཙན་གནོན་གྱི་འོག་ནས་

བོད་ནང་གི་གནས་སྟངས་ཡག་པོ་ཡོད་པ་དང༌།  རྒྱ་དམར་གཞུང་བཀའ་དྲིན་ཆེན་པོ་ཡིན་ཚུལ་སོགས་ངག་སྐྱོར་

བཏང་ནས་ཚོགས་འདུ་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཤད་བཅུག་བཞིན་ཡོད་མོད།   བཙན་བྱོལ་བོད་

གཞུང་གི་བསྟི་གནས་བཞུགས་སྒར་དྷ་རམ་ས་ལར་གསུམ་བཅུའི་དུས་དྲན་གྱི་མཛད་སྒོར་མང་གཙོ་དོན་གཉེར་བ་

རྒྱ་རིགས་སུམ་ཅུ་ལྷག་རང་དབང་གི་ཐོག་ནས་སླེབས་ཏེ་བོད་ཀྱི་གནད་དོན་ལ་གདུང་སེམས་མཉམ་བསྐྱེད་ཐོག་

སེམས་ཚོར་ཆེན་པོས་རྒྱ་དམར་གཞུང་གི་བྱེད་སྟངས་ལ་ངོ་རྒོལ་ཡོད་པ་དང༌།   བོད་མི་རིགས་ལ་རྒྱ་ནག་གཞུང་

གིས་མནར་གཅོད་ཡ་ང་བྲལ་བ་བཏང་ཡོད་པ་མ་ཟད། རྒྱ་ནག་མི་མང་ལའང་རང་དབང་གཏན་ནས་མེད་པར་

དྲག་སྤྱོད་དང་མནར་གཅོད་ཀྱི་འོག་ཏུ་སྡོད་དགོས་བྱུང་བ་སོགས་ལ་བརྟེན་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་དགོས་

པ་དང༌།      ནམ་ཞིག་རྒྱ་ནག་མང་གཙོའི་ལམ་ལུགས་སུ་བསྒྱུར་ཐབས་བྱས་ནས་བོད་ལ་རང་དབང་ཐོབ་པ་བྱེད་

དགོས་སྐོར་བརྗོད་བཞིན་པ་གཉིས་བསྡུར་ནས་བཤད་ན་དོན་དངོས་ཐོག་རྒྱ་ཕྱོགས་དང་བོད་ཕྱོགས་ནས་བཤད་པའི་

གནད་དོན་གཉིས་ཀྱི་གང་བདེན་པ་ཡིན་མིན་འཛམ་གླིང་མི་མང་གིས་ཤེས་རྟོགས་ཐུབ་པ་ཞིག་རེད།   སྟོབས་འབྱོར་

དང་དབང་ཤུགས་ཀྱི་ཐོག་ནས་བཤད་ན་ད་ལྟའི་ཆར་རྒྱ་ནག་གཞུང་དང་བོད་མི་རིགས་དབར་བསྡུར་ཐབས་མེད་

ཀྱང༌། བོད་དོན་འཐབ་རྩོད་ཀྱི་ངོ་བོ་དེ་དངོས་ཡོད་གནས་ཚུལ་དང་དྲང་བདེན་ཡིན་པའི་ཆ་ནས་རྒྱ་ནག་གཞུང་

གིས་དུས་ནམ་ཡང་བོད་ཀྱི་གནད་དོན་ནག་བསུབ་གཏོང་ཐུབ་ཐབས་མེད་པ་དང༌། བཙན་བྱོལ་བོད་གཞུང་གི་བསྟི་

གནས་སུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གསུམ་བཅུའི་དུས་དྲན་ཉིན་རྒྱ་ནག་སྐམ་ས་ཆེན་མོ་ནས་འཚར་ལོངས་བྱུང་

བའི་རྒྱ་རིགས་མང་པོས་རྒྱ་ནག་གཞུང་གིས་བོད་ལ་མནར་གཅོད་དང་སྡུག་སྦྱོང་ཚད་མེད་གཏོང་བཞིན་པར་བློ་ཕམ་

ཚད་མེད་དང༌།  བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར།རྒྱ་ནག་གཞུང་ལ་ངོ་རྒོལ་ཡོད་ཚུལ་སོགས་སེམས་ཚོར་ཆེན་པོས་བཤད་

དགོས་པ་ཞིག་བྱུང་བ་དེ་གཅིག་པུའི་ཐོག་ནས་ཀྱང༌། བོད་མི་རིགས་ཀྱི་འཐབ་རྩོད་དེ་དྲང་བདེན་དང་རྒྱུ་མཚན་ལྡན་

པ་ཞིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་ངོས་ནས་བོད་དོན་འཐབ་རྩོད་ལ་ཐོབ་པའི་གྲུབ་འབྲས་ཤིག་ཏུ་ངོས་འཛིན་

བྱེད་ཆོག མི་ལོ་ལྔ་བཅུ་ཧྲིལ་པོ་འདས་ཟིན་ཀྱང་བོད་དོན་འཐབ་རྩོད་ཀྱི་ངར་ཤུགས་ད་དུང་ཧ་ཅང་གཞི་རྒྱ་ཆེ་རུ་འགྲོ་

བཞིན་པ་དང༌། རྒྱ་དམར་གཞུང་ལ་མཚོན་ན་བོད་དོན་འདི་ཉིད་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་དཀའ་བའི་

གནད་དོན་ཞིག་ཏུ་གྱུར་ཡོད་ལ། དེ་བཞིན་ཤར་ཏུར་ཀི་སི་ཐན་དང༌། ནང་སོག་བཅས་ནས་ཀྱང་རིམ་པས་རང་དབང་

འཐབ་རྩོད་ཀྱི་མེ་ལྕེ་ཤུགས་ཆེ་རུ་འགྲོ་ངེས་པ་དང༌། ལྷག་པར་དུ་རྒྱ་རིགས་མང་གཙོ་དང་རང་དབང་དོན་གཉེར་བ་

མང་དག་ཅིག་དང༌། ཧཕ་ལུང་ཀོང་ཆོས་འཁོར་སྒོམ་སྒྲུབ་པ། དངུལ་རྩའི་ཉམས་ཉེས་ཀྱི་གནས་སྟངས་འོག་རྒྱ་རིགས་

ལས་ཤོར་བ་གྲངས་མང་བཅས་ཀྱིས་རྒྱ་དམར་གཞུང་ལ་མུ་མཐུད་ངོ་རྒོལ་བྱས་ནས་རྒྱ་དམར་གཞུང་གི་བརྟན་ལྷིང་དུས་

ཡུན་རིང་པོ་ཞིག་ཏུ་གནས་མི་ཐུབ་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། དེར་བརྟེན་རྒྱ་ནག་དམར་ཤོག་གི་གཞུང་དེ་

འཐོར་ཞིག་ཏུ་གཏོང་རྒྱུའི་ནུས་པ་ཆེ་ཤོས་སམ་གཞི་རྩ་ལྟ་བུ་དེ་བོད་དོན་འཐབ་རྩོད་འདི་ཉིད་ཡིན་པ་ཞིག་ངེས་པར་

དུ་བྱེད་ཐུབ་དགོས།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།