མི་ལོ་དྲུག་ཅུ

30/09/2009 13:23

མི་ལོ་དྲུག་ཅུའི་ཡར་རྒྱས་དང་སྐྱོ་གར།

ཕྱི་ལོ་༡༩༤༩ ལོའི་ཕྱི་ཟླ་༡༠ ཚེས་༡ ཉིན་རྒྱ་ནག་དམར་ཤོག་གཞུང་གསར་འཛུགས་བྱས་ནས་མི་ལོ་ཧྲིལ་པོ་དྲུག་ཅུ་

འཁོར་བ་དང།    དམར་ཤོག་ཚོགས་པ་གསར་འཛུགས་བྱེད་པའི་སྐབས་རྒྱ་རིགས་ནང་ཁུལ་ཕན་ཚུན་མི་མང་ས་ཡ་

མང་པོ་གསོད་རེས་བྱས་ནས་བཙུགས་པ་ཞིག་ཡིན་ཞིང། གསར་འཛུགས་བྱས་ཟིན་པའི་རྗེས་སུའང་མི་མང་གི་ཚེ་སྲོག་

གྲངས་མེད་ཆུད་ཟོས་སུ་བཏང་ཡོད། འདས་ཟིན་པའི་མི་ལོ་དྲུག་ཅུ་ལ་ཕྱིར་བལྟ་ཞིག་བྱེད་པའི་སྐབས་རྒྱ་དམར་གཞུང་

དེ་དམག་དོན་དང་དཔལ་འབྱོར་རྩེད་རིགས་བཅས་ཀྱི་ཐད་ནས་འཛམ་བུའི་གླིང་གི་ནང་ནས་སྟོབས་ཆེན་རྒྱལ་ཁབ་

ཅིག་ཏུ་གྱུར་ཡོད་པ་དང།    མི་འབོར་དང་ཁྲོམ་ར་ཆེ་བས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གིས་ཚོང་འབྲེལ་གྱི་

ཐོག་ནས་རྒྱ་ནག་གཞུང་ལ་བསྟུན་མཁས་མི་བྱེད་ཀ་མེད་དུ་གྱུར་པ་སོགས་ནི་ཕྱིའི་ཆ་ནས་ཡར་རྒྱས་སུ་སོང་བར་ངོས་

འཛིན་བྱེད་ཆོག་མོད། ཕྱོགས་གཞན་ཞིག་ནས་བཤད་ན་ད་ལྟའི་ཆར་ཡང་འགྲོ་བ་མིའི་ཚེ་སྲོག་དང་ཐོབ་ཐང་སོགས་

ལ་ཅི་མི་སྙམ་པའི་ངང་ནས་བཙན་འཕྲོག་བྱེད་བཞིན་པ་དང། ལྷག་པར་དུ་༡༩༨༩ ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་

ཐང་ཆེན་དུ་ཞི་བའི་གྱེན་ལངས་བྱེད་མཁན་སློབ་ཕྲུག་མང་གཙོ་དོན་གཉེར་བ་སྟོང་ཕྲག་མང་པོ་སྡེབ་གསོད་བཏང་བ་

དང། ཧྥ་ལུང་ཀུང་ཆོས་འཁོར་སྒོམ་སྒྲུབ་པ་རྣམས་བཙོན་འཇུག་དང་དམར་གསོད་རྡུང་རྡེག་ཚབས་ཆེ་བཏང་བ་སོགས་

ཀྱིས་རྒྱ་ནག་ནང་ཁུལ་དུའང་འདྲ་མཉམ་དང་ཚེ་སྲོག་གི་རིན་ཐང་ལ་གཅེས་སྐྱོང་མི་བྱེད་པའི་གནས་སྟངས་ར་སྤྲོད་

གསལ་པོ་བྱས་ཡོད།  ད་ལྟ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ལ་མཚོན་ན་འདས་པའི་མི་

ལོ་ལྔ་བཅུ་ནས་དྲུག་ཅུ་མ་ཟིན་ཙམ་གྱི་རིང། རྒྱ་དམར་གཞུང་གིས་གཉའ་གནོན་དང་བཤུ་གཞོག དམར་གསོད་རྡུང་

རྡེག་བཏང་བའི་ལོ་རྒྱུས་ནི་གྲངས་ཉུང་མི་རིགས་རྣམས་ཀྱི་སེམས་སུ་བརྗེད་མི་ཐུབ་པའི་རྨ་ཁ་ཞིག་ཏུ་གྱུར་ཡོད་ལ། ལོ་

སྔོན་མའི་ནང་གཅིག་པུར་མཚོན་ན་བོད་ས་སྟོད་སྨད་བར་གསུམ་ནས་ཞི་བའི་ངོ་རྒོལ་སྐད་འབོད་རིམ་པ་བྱས་པར་རྒྱ་

གཞུང་གིས་ཡ་ང་དང་སྙིང་རྗེ་སྤུ་ཙམ་མེད་པར་དྲག་མཚོན་ཁོ་ན་བེད་སྤྱད་ནས་དམར་གསོད་བཏང་བ་དང།   འཇུ་

བཟུང་བྱས་ནས་མི་ཆོས་ལས་འདས་པའི་རྡུང་རྡེག་དང་ཁྲིམས་གཅོད་བཏང་བ་སོགས་གདུག་རྩུབ་ཆེ་བའི་བྱེད་ཐབས་

སྣ་ཚོགས་ཤིག་བཀོལ་ཡོད་པ་རེད།   དེ་བཞིན་སོག་པོ་དང་ཤར་ཏུར་ཀི་སི་ཐན་སོགས་སུའང་དེ་དང་གཅིག་མཚུངས་

བཞིན་མནར་གཅོད་སྣ་ཚོགས་བཏང་ཡོད་པ་དང། ལོ་འདིའི་ནང་དུའང་ཤར་ཏུར་ཀི་སི་ཐན་ནང་ཡུ་གུར་མི་རིགས་

ཀྱིས་རང་དབང་རྩོད་ལེན་ཆེད་ངོ་རྒོལ་བྱས་པར། རྒྱ་དམར་གཞུང་གིས་དྲག་གནོན་ཚབས་ཆེ་བྱས་པ་སོགས་འཛམ་

གླིང་སྤྱིའི་ཆ་ནས་དུས་རབས་ཉེར་གཅིག་པའི་ནང་དུ་གནས་སྟངས་འདི་ལྟ་བུ་མཐོང་དཀོན་པ་ཞིག་ཡིན་མོད། རྒྱ་

དམར་གཞུང་གི་ལོ་རྒྱུས་ཀྱི་ལེའུ་ནག་པོ་འདི་ཉིད་ད་ལྟའི་ཆར་ཡང་མུ་མཐུད་དུ་མཇུག་སྐྱོང་བྱས་ཡོད། མི་ལོ་དྲུག་

ཅུ་འཁོར་བའི་དུས་དྲན་འདི་ཡང་དམ་དྲག་དང་བཙན་དབང་ཁོ་ནའི་འོག་ནས་སྐུལ་འདེད་བྱེད་དགོས་པ་ལས།

དགའ་དགའ་སྤྲོ་སྤྲོ་དང་གུ་ཡངས་རང་མོས་ཀྱི་ཐོག་ནས་སྲུང་རྩི་བྱེད་ཐུབ་ཐབས་མེད་པ་འདི་བཙན་གནོན་གཅིག་

སྡུད་ཀྱིས་དབང་བསྒྱུར་བྱེད་མཁན་དག་གི་ངོས་ནས་གཟི་བརྗིད་ཅིག་ཏུ་བརྩི་བཞིན་ཡོད་ནའང། རང་དབང་དང་

འདྲ་མཉམ་མེད་པའི་མི་མང་དུང་ཕྱུར་མང་པོའི་སེམས་ཁོངས་སུ་སྡུག་བསྔལ་གྱི་མུན་ནག་ཅིག་ཏུ་གྱུར་ཡོད་པ་རེད།

ད་དུང་ཕྱོགས་གཞན་ཞིག་ནས་བཤད་ན་རྒྱ་དམར་གཞུང་དང་ཚོང་པ་སྟོབས་འབྱོར་ཅན་ཁག་ཅིག་དཔལ་འབྱོར་ཡར་

རྒྱས་ཧ་ཅང་ཆེན་པོ་སོང་ཡོད་ནའང། མི་མང་དཀྱུས་མའི་ནང་དུ་དཔལ་འབྱོར་གྱི་གནས་སྟངས་ཞན་པ་དང། དབུལ་

ཕྱུག་གི་ཁྱད་པར་ས་གནམ་ལྟ་བུ་ཤོར་ཡོད་པ་མ་ཟད། ལྷག་པར་དུ་ལོ་འདིའི་ནང་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེས་ལ་

བརྟེན་ནས་རྒྱ་ནག་ཏུ་ལས་ཤོར་མི་མང་ས་ཡ་མང་པོ་ཡོང་བཞིན་པ་སོགས་ཀྱིས་འཆམ་མཐུན་དང་ཡར་རྒྱས་ཀྱི་སྤྱི་

ཚོགས་ཞེས་པ་ཧུའུ་ཡི་ཁ་གཡང་སྟོང་པ་ཙམ་ལས་དོན་དམ་དུ་གཏན་ནས་ཡོངས་ཐབས་མེད་པ་ནི་ཧ་ཅང་གསལ་པོར་

གྱུར་ཡོད། གནས་སྟངས་འདི་ལྟ་བུའི་འོག་ནས་འགྲོ་གྲོན་དམངས་སྒོར་དུང་ཕྱུར་མང་པོ་བཏང་ནས་བཙན་དབང་གིས་

རྒྱལ་ཁབ་དབུ་བརྙེས་ནས་མི་ལོ་༦༠ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་བཅུག་པ་ནི། མི་མང་གི་ངོས་ནས་བཤད་ན་

ནང་དུ་རྩམ་པ་མེད་ཀྱང་སྒེའུ་ཁུང་རྩམ་པས་གཡོག་གཡོག་ཅེས་པའི་དཔེ་དང་གཅིག་མཚུངས་སུ་གྱུར་ཡོད།།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།