མཚན་སྨོད་དང་ཁོར་ཡུག

12/10/2008 07:10

ཀྲུང་གོའི་སྲིད་གཞུང་གིས་ཏཱ་ལའི་བླ་མ་གཞན་ཡུལ་ནས་རྒས་སུ་འཇུག་མི་ཉན་ལ། རང་གི་དོན་དངོས་ཀྱི་གཅེས་ནོར་ལ་འགྱུར་ངེས་པའི་ཏཱ་ལའི་བླ་མར་སྐྱོན་བརྗོད་བྱེད་རྒྱུ་མཚམས་བཞག་ནས་ཏཱ་ལའི་བླ་མ་ངོ་མ་དེ་ཀྲུང་གོ་མི་དམངས་ལ་ངོ་ཤེས་སུ་འཇུག་དགོས་ཞེས་རྒྱ་ནག་གི་གསར་འགོད་པས་བརྗོད་ཡོད་པ་རེད།
 
ཟླ་ ༩ ཚེས་ ༢༧ ཉིན་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དུས་བབ་གསར་ཁང་ལ་ཕེབས་ཏེ་སྔོན་གྱི་སྐུ་ཚབ་དེ་ཚོའི་རིང་ལ་༧གོང་ས་མཆོག་ལ་སྐྱོན་བརྗོད་ཤུགས་ཆེན་དེ་འདྲ་བྱུང་མ་མྱོང་མོད། ད་ལྟའི་སྐུ་ཚབ་དེ་ཚོས་ག་རེ་གནང་གི་ཡོད་དམ། ང་ལ་མཚོན་ན་འདི་འགྱུར་བ་ཆེན་པོ་ཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཏཱ་ལའི་བླ་མར་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་མེད་ཟེར་བའི་ཚིག་འདི་ཚོ་ལྗིད་ཁོག་ཚ་བོ་རེད། ཡིན་ན་ཡང་འདི་ལ་བོད་གཞུང་གིས་དམིགས་གསལ་གྱི་ལན་འདེབས་གང་ཡང་གནང་མི་འདུག་པའི་སྐོར་བློ་ཕམ་དང་བཅས་གསུངས་བྱུང༌། དེ་བས་འདིའི་ཐད་ལ་འདི་ག་གསར་འགོད་པས་འབྲེལ་ཡོད་མི་སྣ་ཁ་ཤས་ལ་བཅར་འདྲི་བྱས་པ་ཡིན།
 
འཇར་མན་གྱི་རྒྱལ་ས་བྷེར་ལེན་དུ་ཡོད་པའི་པེ་ཅིན་གཱང་མེན་ཉིན་རེའི་ཚགས་པར་གྱི་འཇར་མན་གསར་འགོད་པ་བཱང་ཧའེ་ཧུའུ་ཡིས།  ཏཱ་ལའི་བླ་མ་ནི་ང་ཚོའི་བློ་ཡུལ་ལ་མི་ཤོངས་པའི་མི་ཞིག་རེད་ལ། ད་ལོ་བྷེར་ལེན་ནས་རྒྱ་ནག་གསར་འགོད་པ་ཚོ་དང་མཇལ་འཕྲད་གནང་རྗེས་ངས་ཁོང་ལ་བཟུང་བའི་ལྟ་བ་རྦད་དེ་འགྱུར་སོང༌། དེ་བཞིན་རྒྱ་ནག་གི་མི་སེར་དཀྱུས་མ་ཚོར་ཕྱོགས་གཅིག་གི་སློབ་གསོ་ལས་མ་རག་སྟབས་ཏཱ་ལའི་བླ་མར་ལོག་པའི་ལྟ་བ་འཛིན་གྱི་ཡོད་ཀྱང༌། ཁོ་ཚོ་ལ་ཡང་གལ་ཏེ་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་ཤིག་ཐོབ་ཚེ་དོན་དངོས་སུ་ཏཱ་ལའི་བླ་མ་མི་གང་འདྲ་ཞིག་ཡིན་པ་ཧ་གོ་གི་རེད། ཏཱ་ལའི་བླ་མ་ནི་རྒྱ་བོད་གཉིས་ཀྱི་ནོར་བུ་རེད་ལ་རྒྱ་ནག་གིས་ཏཱ་ལའི་བླ་མའི་རིན་ཐང་ངོ་ཤེས་བཞིན་དུ་ད་དུང་ངོས་ལེན་མི་བྱེད་ཚེ་བོད་འདི་རྒྱལ་སྤྱིའི་བེད་སྤྱོད་ལ་འགྱུར་བའི་ཉེན་ཁ་ཡོད། དེ་བས་ང་རང་གི་ངོས་ནས་བཤད་ན་ཀྲུང་གོ་སྲིད་གཞུང་གིས་ཏཱ་ལའི་བླ་མ་གཞན་ཡུལ་ནས་རྒས་སུ་འཇུག་མི་ཉན་ལ་རང་གི་དོན་དངོས་ཀྱི་གཅེས་ནོར་ལ་འགྱུར་ངེས་པའི་ཏཱ་ལའི་བླ་མར་སྐྱོན་བརྗོད་བྱེད་རྒྱུ་མཚམས་བཞག་ནས་ཏཱ་ལའི་བླ་མ་ངོ་མ་དེ་ཀྲུང་གོ་མི་དམངས་ལ་ངོ་ཤེས་སུ་འཇུག་དགོས་པར་བརྗོད་བྱུང༌།
 
སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ནས། བཀའ་བློན་ཁྲི་པ་མཆོག་གིས་ ༢༠༠༦ ལོ་ནས་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་བསྐྲུན་གྱི་ཡོད། ཁོར་ཡུག་བསྐྲུན་ཡོད་པ་འདིར་རྒྱལ་སྤྱིའི་ཐོག་ཏུ་ཡང་མཐོང་ཆེན་པོ་སྤྲོད་ཀྱི་ཡོད། སྐྱོན་བརྗོད་བྱས་མཁན་དེ་ཚོ་ནི་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཁ་ཤས་དང༌། རྒྱ་ནག་དང་འབྲེལ་ཡོད་ཀྱི་གཤམ་འོག་གི་མི་ཁ་ཤས་ཀྱིས་བཟོས་པ་རེད་མ་གཏོགས་རྒྱ་ནག་དབུས་གཞུང་ནས་མ་རེད་གསུངས་པ་ལ་བརྟེན་ནས། སྤྱི་འཐུས་བསྟན་འཛིན་མགོན་པོས་ཀྱང་བཀའ་བློན་ལ་དགག་པ་རྒྱག་གི་ཡིན་ཞེས་གསུངས་པ་རེད། ཟམ་གདོང་རིན་པོ་ཆེ་ཡིས་འདི་མ་རེད་ཅེས་ད་དུང་ཡང་གསུངས་ཀྱི་ཡོད་མ་རེད། སྦྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་བཀའ་ཤག་ལ་ཡི་གེ་ཕུལ་ནས་རྒྱ་ནག་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་བཞིན་པར་ངེས་པར་དུ་གསལ་བཤད་བྱེད་དགོས་ཀྱི་འདུག་ཞུས་དུས། བཀའ་ཤག་གིས་ལས་འགན་འཁུར་ཐུབ་ཀྱི་མི་འདུག་དགོངས་ཀྱི་ཡོད་ན་ཁྱེད་ཚོ་ཡར་ཡོང་ནས་ང་ཚོ་མར་ལ་གཡུག་རོགས་གསུངས་ཀྱི་འདུག འདི་འདྲའི་སྐབས་སུ་སོ་སོ་ཡིན་ཡང་འདོད་པ་ཁེངས་ཐུབ་ཀྱི་མི་འདུག བར་སྐབས་ཤིག་ལ་མཚོན་ན་ཏཱ་ལའི་བླ་མ་ནི་མི་ལྤགས་གྱོན་པའི་སྤྱང་གི་རེད་ཟེར་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། བཀའ་ཟུར་དེ་ཚོའི་ཚོགས་འདུའི་སྐབས་སུ་སྐྱོན་བརྗོད་བྱེད་ཤུགས་སོང་བར་བློ་འཚབ་ཡོད་སྐོར་གསུངས་པ་དེ་ང་ཚོས་ཤེས་དགོས་རྒྱུ་གལ་ཆེན་པོ་རེད་ལ། དེ་ནང་བཞིན་རྒྱལ་སྤྱིའི་སྒང་ལ་ཤེས་རྟོགས་ཡོང་ཐབས་བྱེད་དགོས་ཀྱི་ཡོད་པ་རེད་བསམ་གྱི་ཡོད། མའོ་ཙེ་ཏུང་གིས་གསུངས་པ་བཞིན་རྫུན་ཅིག་ཐེངས་བརྒྱ་ལ་ལབ་ན་དེ་བདེན་པ་ཆགས་ཀྱི་ཡོད་པ་བཞིན་བཤད་ཡམས་འདི་ཚོ་རྒྱ་ཡན་ལ་མ་ཤོར་བ་བྱེད་དགོས་སྐོར་གསུངས་བྱུང༌།
 
མདོ་སྨད་སྤྱི་འཐུས་དང་མདོ་སྨད་དབུས་རྒྱུན་ལས་ཀྱི་ཚོགས་གཙོ་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ནས། མདོ་སྨད་མི་མང་གི་ངོས་ནས་༧གོང་ས་མཆོག་ལ་ད་ལྟའི་ཆར་རྒྱ་ནག་གིས་སྐྱོན་བརྗོད་བྱེད་བཞིན་པར་བློ་འཚབ་ཡོད་ལ། དབུས་རྒྱུན་ལས་ཀྱི་གོ་སྒྲིག་འོག་དམིགས་གསལ་གྱིས་ཚོགས་ཆུང་ཞིག་བཙུགས་ཏེ་ཆེད་དུ་སྐྱོན་བརྗོད་ཡིག་ཆ་ཁག་ལ་ཉམས་ཞིབ་དང་རྒྱུས་ལོན་གྱི་འོག་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པའི་ཐོག་ནས་དགག་ལན་གྱི་ཡིག་ཆ་འགྲེམ་སྤེལ་བྱེད་རྒྱུའི་འཆར་གཞི་དང་ལས་འགུལ་གྲ་སྒྲིག་ཡོད། ཏཱ་ལའི་བླ་མར་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་རང་དབང་མེད་ཟེར་བའི་ཚིག་འདི་ཧ་ཅང་གཏིང་ཟབ་དང༌། ནམ་རྒྱུན་གྱི་སྐྱོན་བརྗོད་དེ་ཚོ་ནང་བཞིན་སྣང་མེད་གཏོང་རྒྱུ་ཞིག་གཏན་ནས་མ་རེད། དེ་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མང་པོ་འདུག་ལ་ང་ཚོས་ངེས་པར་དུ་ཉམས་ཞིབ་བྱེད་དགོས་ཀྱི་འདུག ཅེས་གསུངས་བྱུང༌།
 
སྤྱི་འཐུས་བེ་རུ་འཇིགས་མེད་ལགས་ཀྱིས། འདི་གཞུང་གཅིག་པུའི་ལས་འགན་མིན་པར། རྒྱ་ནག་གི་སྐྱོན་བརྗོད་རྒྱ་ཡན་དུ་མི་འགྲོ་རྒྱུ་དང༌། རང་གི་བླ་མ་དང་དབུ་ཁྲིད་ཀྱི་དངོས་ཡོད་མཚན་སྙན་སྲུང་སྐྱོབ་བྱེད་རྒྱུ་འདི་གཞུང་སྒེར་གཉིས་ལ་ལས་འགན་དང་རྒྱུ་མཚན་ཡོད། བཙན་བྱོལ་དུ་ཡོད་པའི་གསར་ཤོག་གལ་ཆེ་ཤོས་དེ་དུས་བབ་དང་བང་ཆེན་གཉིས་ཡིན་ལ། ཁྱེད་ཚོའི་གསར་ཁང་གིས་ཀྱང་ཆེད་དུ་དེ་ལ་ཉམས་ཞིབ་དང་གླེང་སློང་བྱེད་སའི་ལེ་ཚན་ནམ་གར་སྟེགས་ཆུང་ཆུང་ཞིག་བཟོ་དགོས་ཀྱི་ཡོད་པ་རེད། འདི་སྤྱི་ཚོགས་ནང་ནས་མི་རེ་རེ་ནས་འགན་འཁྱེར་དགོས་ཀྱི་ཡོད། སྤྱི་འཐུས་རྒྱུན་ལས་ཁང་ནས་བཀའ་ཤག་ལ་འདིའི་སྐོར་ཞུས་ཡོད་ཀྱང་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་བསྐྲུན་གྱི་ཡོད་གསུངས་བྱུང༌། དེ་འདྲ་ཞིག་ཡིན་ན་གཞུང་དང་མ་འབྲེལ་བའི་ཚོགས་པ་མང་པོ་ཡོད་པ་དེ་ཚོས་བཙན་བྱོལ་སྤྱི་ཚོགས་ནང་གི་ཤེས་འཇོན་གཉིས་ལྡན་འགའ་འདེམས་ནས་ཚོགས་ཆུང་ཞིག་ཆེད་དུ་ཉམས་ཞིབ་བྱེད་མཁན་དང་ལན་འདེབས་གནང་མཁན་བཙུགས་ན་རེད། ཅེས་གསུངས་བྱུང༌།
 
བཀའ་ཟུར་ལྷན་རྒྱས་ཀྱི་ཚོགས་འདུའི་ཐོག་བཀའ་མོལ་བྱུང་བ་བཞིན་འདས་པའི་ལོ་ཤས་ནང་དུ་རྒྱ་ནག་གིས་༧གོང་ས་མཆོག་ལ་མཚན་སྨོད་བྱེད་ཤུགས་ཆེ་རུ་སོང་བ་དང༌། མཚན་སྨོད་བྱེད་ཚད་ཀྱང་མང་དུ་ཕྱིན་པ་མ་ཟད། མཚན་སྨོད་ཀྱི་ངོ་བོ་དང་རྣམ་པ་ལ་ཡང་འགྱུར་བ་ཆེན་པོ་ཕྱིན་ཡོད། ཐོག་དང་བོ་རྒྱ་ནག་གུང་ཁྲན་ཏང་གི་དམར་ཤོག་མགོ་ཁྲིད་ཚོ་ནས་མགོ་བརྩམས་ཏེ་རིམ་གྱིས་རྒྱ་ནག་གི་ཚགས་པར་དང་དྲ་རྒྱ་སོགས་སུ་བྱུང་བ་མ་ཟད། འདས་བའི་ལོ་ཤས་ནང་ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡང་རྒྱ་ནག་གི་ན་ཚ་དེ་རྒྱུན་འབྱམས་སུ་སོང་ཡོད། མཚན་སྨོད་འཕེལ་རིམ་ཡང་ཏཱ་ལའེ་ཁ་བྲལ་རིང་ལུགས་པ་ནས་མགོ་བརྩམས་ཏེ། ཏཱ་ལའི་རྒྱལ་ཚོང་རུ་ཁག་དང༌། ཏཱ་ལའི་འཇིགས་སྐུལ་རིང་ལུགས་པ། ཏཱ་ལའི་ལོག་སྤྱོད་ཚོགས་ཁག་སོགས་ཐ་ན་དྲ་ལམ་སོགས་སུ་༧གོང་ས་མཆོག་གི་སྐུ་སྟོད་ལ་གཅན་གཟན་གྱི་མགོ་བོ་སྦྱར་ཏེ་མཚན་སྨོད་བྱས་པ་སོགས་བྱུང་ཡོད། འདིའི་ཐད་ལ་གཞུང་སྒེར་གཉིས་ནས་རྣམ་འགྱུར་དང་ཚོར་བ་མ་འདྲ་བ་མང་པོ་སླེབས་ཡོད་ཀྱང༌། བོད་གཞུང་གི་ངོས་ནས་ནམ་རྒྱུན་ལྟར་གསུམ་བཅུའི་དུས་དྲན་དང་འཁྲུངས་སྐར་དུས་ཆེན་སྐབས་སུ་སྒྲོག་སྦྱང་བྱས་པའི་ཡིག་ཆ་དེ་ཚོ་བཞིན་བློ་ཕམ་ཡོད་པའི་ཚིག་ཕྲེང་ཁ་ཤས་ལས་གཞན་དམིགས་བསལ་གྱི་ལས་འགུལ་གང་ཡང་སྤེལ་མེད་ལ། ལན་འདེབས་གང་ཡང་གནང་མེད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།