མཐུན་སྒྲིལ།

21/12/2011 10:50

 

མཐུན་སྒྲིལ།

 

མཛེས་པའི་གངས་རི་ཞིང་ན། །

བཙན་པོའི་བོད་འདི་ཆགས་ཞིང་། །

བརྗིད་ལྡན་སྔོན་བྱུང་ལོ་རྒྱུས། །

འཛིན་མའི་ཁྱོན་ལ་ཁྱབ་འདུག །

 

བྱུང་ནས་ཡལ་བའི་ལོ་རྒྱུས། །

ད་ལྟའི་ཚབ་དུ་མེད་རུང་། །

འགྱུར་མེད་བདེན་པའི་དན་རྟགས། །

སེམས་ཀྱི་དཀྱིལ་དུ་འཛིན་དགོས། །

 

གངས་ཕྲུག་བུ་དང་བུ་མོ། །

སྡུག་ནས་སྐྱོ་བ་མ་བྱེད། །

མཐུན་པའི་གོམ་སྟབས་མཉམ་ན།  །

སེམས་ཀྱི་འདུན་མ་འགྲུབ་ངེས། །

 

ང་ཚོ་གདོང་དམར་བོད་པར། །

མཐུན་སྒྲིལ་དཔུང་པ་མཉམ་གཤིབས། །

སླད་མེད་ལྷག་བསམ་ཡོད་ན། །

སྐྱིད་པའི་ཉི་ཟེར་འཛུམ་ཡོང་། །

 

 

མི་མཐུན་ནང་དམེའི་དུག་ཤིང་།  །

རྩ་བ་རྩད་ནས་བཅད་དེ། །

ཞི་མཐུན་མི་ནུབ་རྒྱལ་མཚན། །

གངས་རི་ལྗོངས་སུ་སྒྲེངས་དགོས། །

 

མཐུན་སེམས་དུང་ཟླ་དཀར་པོ། །

ང་ཚོའི་སེམས་སུ་འཁྲུངས་ན། །

རྔམ་ནག་མུན་པ་སྟུག་པོ། །

རྒྱང་རིང་ཡུལ་ནས་བྲོས་འགྲོ  །

 

ང་ཚོ་གདོང་དམར་བོད་པར། །

མཐུན་སྒྲིལ་དཔུང་པ་མཉམ་གཤིབས། །

སླད་མེད་ལྷག་བསམ་ཡོད་ན། །

སྐྱིད་པའི་ཉི་ཟེར་འཛུམ་ཡོང་། །

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།