མ་སྒུག་རོགས།

12/12/2008 18:30

 

༧གོང་ས་མཆོག་གིས་བཀའ་ཕེབས་རག་བར་མ་སྒུག་རོགས།

 

བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཟླ་འདིའི་ཕྱི་ཚེས་དང་ཉིན་གཉིས་རིང་ངྷ་རམ་ས་ལའི་ཉེ་ཁུལ་གྱི་ཤེས་ལྡན་མི་སྣ་ཁག་ཅིག་བསྐོང་སྟེ།བཙན་བྱོལ་བོད་མིའི་ཤེས་ཡོན་གནས་སྟངས་ལ་བསྐྱར་ཞིབ་དང་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་བགྲོ་གླེང་གནང་ཡོད།

སྐབས་དེར་སྤྱི་ཟུར་ཧོར་གཙང་མཇིགས་མེད་ལགས་ཀྱིས་གཏམ་བཤད་གནང་དོན།ད་རེབ་ང་ཚོས་ལག་པ་གང་དུ་འཆང་དགོས་ཟེར་ན།གཉེན་འབུར་དང་རྣག་ཐོག་ལ་འཆང་དགོས།དེར་ལག་པ་འཆང་ན་ཟུག་གཟེར་ལངས་གི་རེད།འོན་ཀྱང་། སྐོར་བཤད་བྱས་བསྡད་ན་དཀའ་ངལ་སེལ་ཐུབ་གི་མ་རེད།ང་ཚོས་རིགས་གཅིག་རྐང་འཛིན་མང་པོ་ཞིག་བཤད་བསྡད་ཡོད་ཀྱང༌།ཐོག་མར་རིགས་གཅིག་རྐང་འཛིན་ཐོན་ན་ས་གནས་གང་ཏུ་ལས་ཀ་ཅི་ཞིག་སྤྲོད་རྒྱུར་སྔ་ས་ནས་དགོངས་པ་བཞེས་དགོས་པ་མ་རེད་དམ། སློབ་སྦྱོང་བྱས་རྗེས་གྲུབ་འབྲས་འཐོན་དང་མི་ཐོན་ཤེས་ཡོན་སྟེང་ལས་ཀ་བྱེད་སའི་ཁོར་ཡུག་ཡོད་མེད་ལ་ཐུག་ཡོད།༡༩༩༢ལོར་ང་སྐྱབས་བཅོལ་དུ་ཡོང་སྐབས།བདེ་སྲུང་བོད་གནས་ཉམས་ཞིབ་ཀྱི་འགན་འཛིན་ཨ་ལགས་འཇིགས་མེད་རེད།ཁོང་ལ་སློབ་སྦྱོང་མེད་ཀྱང༌།བདེ་སྲུང་ཉམས་ཞིབ་སྲ་ཐག་ཐག་ཡོད།དེའི་ནང་རྔ་བ་ཚེ་རྒྱམ་དང་ཟླ་བ་ཚེ་རིང༌།བཀྲ་ཤིས་རྒྱ་མཚོ་སོགས་རྒྱ་བོད་ཡིག་རིགས་གཉིས་ཀར་མཁས་ཤིང༌།ཁོང་ཚོས་ཕན་ཐོགས་ཡོད་པའི་དེབ་མང་པོ་བཏོན་ཡོད།ད་ཆར་བདེ་སྲུང་ཉམས་ཞིབ་ནང་ལས་བྱེད་༡༣ཡོད་ལ།དེའི་ཁྲོད་རྒྱ་ཡིག་ཤེས་མཁན་མ་གཏོགས་མི་འདུགང་ཚོར་རྒྱ་ཡིག་ཤེས་མཁན་མ་རག་པ་རེད་དམ།ང་ཚོར་རྒྱ་ཡིག་ཤེས་མཁན་མ་དགོས་པ་རེད།ལག་ལེན་བྱེད་ས་མེད་ན་སློབ་སྦྱོང་སྟོང་པ་རེད།ད་བར་ལས་གཞི་ཞིག་ལ་བསྐྱར་ཞིབ་དང་བཅོས་སྒྲིག་གི་ཚོགས་ཆུང་འཛུགས་སྐབས།དེའི་ནང་ཁ་ལ་ཉན་པོ་ཡོད་མེད་དང་ལྟ་བ་ལངས་ཕྱོགས་མཐུན་མིན་ལ་བལྟས་ཏེ་བདམས་གསེས་བྱས་ཡོད།ང་ཚོར་མཁོ་བ་ཁ་ལ་ཉན་པོ་ཡོད་མེད།ལྟ་བ་ལངས་ཕྱོགས་མཐུན་མིན་མ་རེད།

སྐབས་དགེ་རྒན་མང་པོ་ཞིག་ལ་སཱ་ར་དང་མཚན་ཉིད་སོགས་ནས་ཟབ་སྦྱོང་སྤྲོད་ཀྱིན་ཡོད་མདོག་ཁ་བོ་རེད།འོན་ཀྱང༌།དགེ་རྒན་ཚོར་ཟབ་སྦྱོང་སྤྲོད་མཁན་གྱི་དགེ་རྒན་དེ་ལ་ཟབ་སྦྱོང་གང་ནས་ཐོབ་ཡོད།ཤེས་ཡོན་དང་ཁྲིད་ཐབས་ཀྱི་མན་ངག་ཚད་ལྡན་ཡོད་དམ་མེད།ངས་འཛིན་གྲྭ་དྲུག་པའི་སློབ་དེབ་རིགས་གསུམ་ལ་དག་བཅོས་བྱས་མྱོང༌།དེའི་ནང་བདེན་པ་གཉིས་དང་བདེན་པ་བཞི།མདོ་དང་སྔགས་སོགས་མང་པོ་བཀོད་འདུགལོ་བཅུ་གྲངས་སྐབས་ནས་སྐྲ་དཀར་པོར་འགྱུར་རག་བར་སྦྱངས་ཀྱང༌།ཤེས་དཀའ་བའི་རིག་གནས་ཤིག་བྱིས་པའི་སློབ་དེབ་ནང་བཀོད་ན་གང་འདྲ་ཆགས་ཡོང༌།འཛམ་གླིང་ན་རིག་གཞུང་ཡག་པོ་མང་པོ་ཡོད།ཡག་པོ་ཡོད་ཚད་བྱིས་པའི་སློབ་དེབ་ནང་སྤུངས་ན་འོས་འཚམ་རེད་དམ་མ་རེད།

རྡོག་རྡོག་ང་ཚོར་ག་རེ་དགོས་པ་རེད་ཟེར་ན།དང་པོ།ང་ཚོའི་གཞི་རྩའི་བསམ་བློར་འགྱུར་བ་གཏོང་དགོས།གནས་ཚུལ་གང་ཡིན་ལ་ངོས་ལེན་ཐུབ་དགོས།མི་སུ་ལ་དགའ་མིན་དང་སྣང་བར་འགྲོ་མིན་མ་ཡིན་པར།དོན་དངོས་ཐོག་སྤྱི་ཚོགས་ནང་གི་ལས་དོན་ཐོག་སུས་ཕན་ནུས་ཐོན་མིན་ལ་བལྟ་དགོས།གཉིས་པ།སློབ་དེབ་ཚད་ལྡན་བཟོ་དགོས།སྐབས་དང་དུས།བྱིས་པའི་སེམས་ཁམས་དང་མཐུན་པར་རྩོམ་སྒྲིག་བྱ་དགོས།མཚམས་རེར་མདོ་དང་སྔགས།མཚམས་རེར་གཡག་མོ་ལ་འབྲུ་ཟེར་ལྟ་བུ་མ་ཡིན་པར་མིང་དང་ཚིག་དོན་རེ་རེར་བརྟག་དཔྱད་མཐར་ཕྱིན་བྱ་དགོས།གསུམ་པ།དགེ་རྒན་ལ་ཟབ་སྦྱོང་ཡག་པོ་ཐོབ་དགོས།སློབ་མའི་ཁམས་དང་མོས་པ།ནུས་པ་དང་རྣམ་རིག་ལ་མི་བལྟ་བར།དགེ་རྒན་གྱི་སེམས་ལ་དྲན་ཚད་དང་ཁ་ནས་ཐོན་ཚད་བཤད་པས་མི་ཕན།སློབ་ཚན་འཆར་གཞི་ལྡན་པ་དང་སློབ་དེབ་འཆད་ཐབས་མཁས་པོའི་ཐོག་ནས་སློབ་མ་སྐྱེད་སྲིང་བྱ་དགོས།ཞེས་གསུངས་སོང༌།

བོད་ཀྱི་དཔེ་མཛོད་ཤེས་རིག་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་ནཱ་ག་སངས་རྒྱས་བསྟན་དར་ལགས་ཀྱིས་གསུངས་དོན།ད་སྐབས་སམ་བྷོ་ཊའི་ཁོངས་གཏོགས་ཀྱི་སྲིད་ཇུས་དེའི་འོག་གི་སློབ་གྲྭ་ཚོ་ལ་ཉམས་ཞིབ་བྱས་སྐབས།བུ་ཕྲུག་ཚོའི་བསམ་བློ་དང་ཚན་རིག་ཨང་རྩིས་སོགས་མ་ཡིན་པའི་སྐད་ཡིག་རྐྱང་པའི་གནས་ཚད་ཞེ་དྲག་མཐོན་པོར་སླེབས་ཡོད།ད་ལྟའི་སྲིད་ཇུས་ལག་ལེན་བསྟར་བའི་མངོན་སུམ་ཚད་གྲུབ་གྱི་དབང་དུ་བྱས་ན།ཧ་ཅང་གི་ཡག་པོར་མཐོང་གིན་འདུགལྷག་པར་དུ་ཆུང་དུས་བསླབས་པའི་ཡོན་ཏན་དེ་ཐུན་མོང་མ་ཡིན་པ་ཞིག་རེད།འོན་ཀྱང༌།དེ་ལྟར་མུ་མཐུད་ནས་འགྲོ་དགོས་སམ་ཟེར་ན།ཏན་ཏན་ཁག་པོ་ཆགས་གི་རེད།གང་ཡིན་ཟེར་ན།རིག་གནས་མང་པོ་སློབ་སྦྱོང་བྱ་དགོས་པ་རེད།སློབ་ཚན་རེ་ཟུང་བོད་པའི་སྐད་ཡིག་ནང་སློབ་ཐུབ་ཀྱིན་ཡོད་པ་མ་རེད།འཛིན་གྲྭ་དྲུག་པ་ནས་ལོ་རྒྱུས་དང་སྐད་ཡིག་དེ་བོད་ཡིག་བྱས་ཏེ།དེ་མིན་གྱི་སློབ་ཚན་རྣམས་དབྱིན་ཡིག་བྱ་དགོས་སྙམ།དང་པོ།ཤེས་ཡོན་སྲིད་བྱུས་གཏན་འབེབ་བྱས་ཚར་ཡང༌།སློབ་གྲྭ་ཚང་མ་གཅིག་མཚུངས་ཆགས་མེད།ངྷ་སྟེང་བོད་ཁྱིམ་དང་མཱ་སུ་རི་བོད་ཁྱིམ།སམ་བྷོ་ཊ།བོད་སློབ་འཛིན་ཚོགས།དེ་དག་གཅིག་མཚུངས་ཡོང་གི་མེད།གཅིག་མཚུངས་ཡོང་ཐབས་མེད་ན་གནས་ཚུལ་ཁ་ཁ་རེད།ན་ཚུན་གོ་བསྡུར་བྱས་ཏེ་ངེས་པར་དུ་གཅིག་མཚུངས་བཟོ་དགོས་ཀྱིན་འདུགགཉིས་པ།ཤེས་རིག་ལས་ཁུངས་དང་ཤེས་ཡོན་སྡེ་ཚན་གཞན་བར་འབྲེལ་བ་བྱེད་སྟངས་ཐད་ནས་འཐུས་ཤོར་ལ་འགྲོ་གི་མེད་དམ་སྙམ།ང་ཚོའི་སྤྱི་ཚོགས་ཀྱི་ཞན་ཆ་ལྟེ་བ་དེ་གང་རེད་ཟེར་ན།སྐྱོན་ངོས་ལེན་བྱེད་ཐུབ་ཀྱིན་མེད་པ་དེ་རེད།༧གོང་ས་མཆོག་གིས་ནན་གསུང་མཛད་རག་བར་ང་ཚོས་ངོས་ལེན་བྱས་ཡོད་པ་མ་རེད།རྗེས་མ་༧གོང་ས་མཆོག་གིས་བཀའ་སློབ་གནང་རག་བར་སྒུག་མ་འདུག་རོགས་ཟེར་རྒྱུ་ཡིན།གསུམ་པ།ང་ཚོའི་སྤྱི་ཚོགས་ནང་རིགས་གཅིག་རྐང་འཛིན་མ་ཐོན་པ་མ་རེད།ཐོན་དེ་ཤེས་རིག་ལས་ཁུངས་ལ་སྙན་ཞུ་ཕུལ་ཡང་བདག་པོ་མ་བརྒྱབས་པ་རེད།མཁས་དབང་ཟླ་བ་ནོར་བུ་དགོངས་པ་རྫོགས་ཚར་བ་རེད།ཤེས་རིག་ལས་ཁུངས་ནས་ཆེ་བསྟོད་ག་རེ་ཞུས་མྱོང༌།མཁར་རྨེ་བསམ་གཏན་རེད།ཞེ་དྲག་ཚད་མཐོ་བའི་མཁས་དབང་རེད།ང་ཚོས་ཆེ་མཐོང་ཅི་ཞིག་ཞུས་ཡོད།ང་རང་གིས་བརྩད་གཅོད་བྱས་སྐབས།ཆུ་ཚོད་ཉེར་བཞིའི་ནང་ང་ལ་རིགས་གཅིག་རྐང་འཛིན་པ་༢༢རག་སོང༌།དེའི་ནང་མི་༢༡ད་དུང་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་བསྡད་འདུགཁོང་ཚོའི་ཆེད་ལས་ཀྱང་ང་ཚོའི་སྤྱི་ཚོགས་ནང་ཤིན་ཏུ་དགོས་མཁོ་ཆེ་བ་ཤ་སྟག་རེད།ཅེས་གསུངས་སོང༌།

བོད་གཞུང་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུངས་དོན།སྤྱི་ཚོགས་ནང་སློབ་གསོས་འདང་གིན་མི་འདུགགཞོན་སྐྱེས་ཚོར་སྤོབས་པ་དང་སྙིང་སྟོབས་མི་འདུགམི་རིགས་ལ་སྤོབས་པ་མེད་ན་ཡོང་གི་མ་རེད།ང་ཚོར་འདི་ལྟ་བུའི་དབུ་ཁྲིད་རླབས་ཆེན་ཞིག་ཡོད་བཞིན་དུ་ག་རེ་བྱས་ནས་གཉའ་ཞིམ་དགོས་པ་རེད།གཞོན་སྐྱེས་མང་པོ་ཞིག་གིས།རྒྱ་ནག་སྟོབས་ཆེན་པོ་ཞེ་དྲག་ཆགས་ཡོད།༧གོང་ས་མཆོག་དགུང་ལོ་མཐོན་པོར་སླེབས་ཡོད།བོད་དོན་སེལ་རྒྱུ་ཁག་པོ་རེད་ཟེར་བཞིན་ཡོད།ཁྱོད་ཀྱིས་རང་གི་ཁྱིམ་ལ་དཔེ་ལོངས་དང༌།ཕ་མ་གཉིས་དགུང་ལོ་ཆེན་པོ་ཆགས་འདུགཁྱིམ་ཚང་སྐྱོང་ཐུབ་ས་མ་རེད་ཟེར་གྱིན་ཡོད་དམ།འདི་ཚོ་ཤ་ཞེན་དང་བརྩེ་བ་མེད་པ།སྤོབས་པ་དང་ལ་རྒྱ་མེད་པ།འགན་ཁུར་དང་སེམས་ཁྲལ་མེད་པའི་རྟགས་མཚན་རེད།དེ་ཚོར་སློབ་གསོ་སྤྲད་དེ་སྤོབས་པ་བསྐྲུན་དགོས།དེ་བཞིན།༧གོང་ས་མཆོག་གིས་བཀའ་གནང་བ་ལྟར།ང་ཚོས་བློ་ཁོག་ཅུང་ཆེན་པོ་བྱས་ཏེ་གསར་གཏོད་ཀྱི་ཐོག་ལ་ཤུགས་རྒྱག་དགོས་ཀྱིན་འདུགལྷག་པར་དུ་ཤེས་ཡོན་ཐོག་ལ་གསར་གཏོད་བྱ་དགོས་ཀྱིན་འདུགཕྱི་རྒྱལ་ཁག་གི་སློབ་སྦྱོང་དེ་མིག་སྟོན་དང་ལག་ལེན།སྦྱོང་བརྡར།ཚོད་ལྟ་སོགས་དང་མཉམ་འགྲོ་བྱེད་ཀྱིན་འདུགང་ཚོར་ཡང་དེ་དགོས་ཀྱིན་འདུགཅེས་གསུངས་སོང༌།

བོད་གཞུང་བདེ་ལེགས་སྨན་ཁང་གི་རིག་གནས་རབས་འབྱམས་པ་ཚེ་བརྟན་ལགས་ཀྱིས་གསུངས་དོན།ང་ཚོས་རིགས་གཅིག་རྐང་འཛིན་ཞེས་མང་པོ་ཞིག་གསུང་བསྡད་ཡོད་ཀྱང༌།ངས་གོ་དོན་གསལ་བོ་ཞིག་རྟོགས་མ་སོང༌།ཐོག་མར་ཤེས་རིག་ལས་ཁུངས་ནས་༧སྐུ་མདུན་གྱིས་གསུངས་པའི་རིགས་གཅིག་རྐང་འཛིན་དེ་ག་རེ་སྟེང་ལ་འབབ་དགོས་མིན་གསལ་བོ་བཟོ་དགོས་པ་མིན་འགྲོ་སྙམ།ང་རང་གི་བསམ་པར་རིགས་གཅིག་རྐང་འཛིན་གྱི་སྤུས་ཀ་ཇེ་ཡག་དང༌།ཞིབ་ཇེ་ཚག་ཏུ་གཏོང་དགོས་པ་མིན་ནམ་སྙམ།གཞན།བུད་མེད་ཀྱི་ཤེས་ཡོན་ཐད་ཤུགས་རྒྱག་དགོས་ཀྱིན་འདུགདེ་མ་བྱས་པ་ཡིན་ན་སྤྱི་ཚོགས་ནང་དོ་མ་མཉམ་པ་ཆགས་ཀྱིན་འདུགབུད་མེད་ཚོའི་ཤེས་ཡོན་ཐད་གནས་ཚུལ་མཐོན་པོ་ལེན་ཐུབ་པ་ཡིན་ན།ང་ཚོའི་སྤྱི་ཚོགས་ནང་ཤུགས་རྐྱེན་འཕར་མ་ཞིག་འཐོན་གི་རེད་དྲན་ཡོད།ང་ཚོའི་ལྷན་ཁང་ཁག་ལས་འཕྲོད་བསྟེན་ལྷན་ཁང་དང་རྩིས་ཞིབ་ལྷན་ཁང་ལྟ་བུར་མཚོན་ན་རིགས་གཅིག་རྐང་འཛིན་གྱི་མི་གཅིག་ཀྱང་མེད།དེ་ཚོ་སེམས་པ་སྐྱོ་དགོས་པ་རེད།ཅེས་གསུངས་སོང༌།

ཤེས་རིག་ལས་ཁུངས་ཀྱི་ཟུང་དྲུང་ཆུང་ཚེ་རིང་ལགས་ཀྱིས་གསུངས་དོན།ཤེས་ཡོན་ཐོག་ལ་ཡར་རྒྱས་དང་འཐུས་ཤོར་གང་ཞིག་བྱུང་ཡོད་ཀྱང༌།གནད་འགག་གཙོ་བོ་དགེ་རྒན་ལ་རག་ལས་ཡོད།ད་ལྟའི་དགེ་རྒན་ཚོས་གནང་གི་མེད་པ་མ་རེད།དགེ་རྒན་གྱི་འབྱུང་ཁུང་སཱ་ར་དང་ཝ་ར་ན་སི།མཚན་ཉིད་སློབ་གྲྭ་སོགས་རེད།རྒྱ་གར་སློབ་གྲྭ་ཁག་ནས་ཐོན་པའི་དགེ་རྒན་ནང་ཡག་ཉེས་ཅི་རིགས་འདུགདེ་རིགས་འཛིན་གྲྭ་ལྔ་བ་མན་དུ་དགེ་རྒན་བྱས་ཡོད་པ་མང་པོ་འདུགའཛིན་གྲྭ་ལྔ་བ་མན་ཆད་ལ་སློབ་ཚན་བོད་ཡིག་ནང་སློབ་ཀྱིན་ཡོད་སྟབས་འགྲིག་གིན་མེད།སློབ་གྲྭ་ཁག་གི་འགན་འཛིན་དང་སློབ་སྤྱི།དགེ་ཆེ།ལས་བྱེད་མང་ཆེ་བ་བོད་ཡིག་ཡག་པོ་མི་ཤེས་མཁན་རྐྱང་རྐྱང་རེད།བོད་ཡིག་མི་ཤེས་མཁན་གྱི་འགན་འཛིན་དང་སློབ་སྤྱི་དེ་ཚོས་བོད་ཡིག་དགེ་རྒན་ཚོར་སློབ་ཚན་གྱི་འཆར་གཞི་བཀོད་སྟངས་འགྲིག་ཡོད་མེད་ཤེས་ཀྱིན་མེད་ལ།སློབ་ཚན་ཁྲིད་སྟངས་འགྲིག་ཡོད་མེད་ལ་བསྐྱར་ཞིབ་དང་སྟངས་འཛིན་བྱེད་རྒྱུའི་སྤོབས་པ་ཡང་མེད།བོད་ཡིག་དགེ་རྒན་ཚོས་གང་ཞིག་ཁྲིད་ཀྱང་འཇོག་རྒྱུ་ལས་བྱ་ཐབས་མེད་པ་ཆགས་འདུགདེར་བརྟེན།སློབ་གྲྭ་ཁག་གི་འགན་འཛིན་དང་ལས་བྱེད་རིམ་པའི་བོད་ཡིག་གི་ཤེས་ཚད་ཡར་རྒྱས་སུ་གཏོང་རྒྱུ་གལ་ཆེན་པོ་རེད།

ང་རང་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཅིག་ཡིན་རུང༌།སྐྱོན་ཡོད་ན་སྦེད་གསང་བྱས་ཏེ་ཡོང་རྒྱུ་ཡོད་པ་མ་རེད།སྐྱོན་དེ་གང་རེད་ཟེར་ན།གཞན་གྱིས་བརྩི་བཀུར་བྱེད་པ་ལ་ཤེས་རིག་ལས་ཁུངས་དེ་བཀའ་བློན་ལས་ཁུངས་ཤིག་གི་གནས་ཚུལ་ལྡན་པའི་ལས་ཁུངས་ཚད་ལྡན་ཞིག་ཆགས་རྒྱུ་གལ་ཆེན་པོ་རེད།འོན་ཀྱང༌།འགྲོ་སྟངས་ཤིག་གིས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་མང་ཆེ་བ་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་དང་གཅིག་མཚུངས་རེད།ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་ང་ཚོའི་ལས་ཁུངས་ནང་ཡོང་ན་འགྲིག་གི་ཡོད།ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཚོར་དམིགས་བསལ་གྱི་ཁྱད་ཆོས་གང་ཡང་མེད་པ་ཆགས་ཡོད།ལས་བྱེད་ཡོངས་རྫོགས་མ་ཐུབ་ཀྱང༌།བརྒྱ་ཆའི་ལྔ་བཅུ་ཤེས་ཡོན་རང་ལ་འབྲེལ་བ་ཡོད་པ་ཡིན་དགོས་པ་རེད།དེ་ལྟར་བྱས་ན།སློབ་གྲྭར་ལྟ་རྟོག་དང་ཤེས་ཡོན་ཐད་ཀྱི་ལས་འཆར་ཡག་པོ་སྒྲིག་ཐུབ་ཀྱིན་ཡོད་པ་རེད།

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།