བྲག་མགོའི་གནས་སྟངས

02/02/2012 11:48

 

བྲག་མགོའི་གནས་སྟངས།

 

བོད་ཀྱི་དུས་བབ།

ཟླ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་བོད་མདོ་ཁམས་བྲག་མགོ་རྫོང་ཐོག་ཏུ་བྲག་མགོའི་མི་མང་རྣམས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་བྱས་པར། རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་བོད་མི་ཞི་རྒོལ་བ་རྣམས་ལ་མེ་མདས་དྲག་གནོན་བྱས་ཏེ། རང་ལོ་ ༤༩ ཡིན་པའི་ནོར་པ་ཡོན་ཏནདང ལི་ཁོག་མའི་འབྲོག་སྡེ་ཡིན་ཞིང་མིང་དང་ལོ་རྒྱུས་ད་སྔ་གསལ་བོ་མ་རག་པའི་སྐྱེས་པ་གཅིག་བཅས་དམར་གསོད་བཏང་ཡོད་ལ། གཞན་ཞི་རྒོལ་བ་ ༣༢ ཙམ་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

 

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཞི་རྒོལ་བྱུང་བའི་ཕྱི་ཉིན་ནས་བཟུང་ཁ་པར་དང་དྲ་ལམ། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཀྱང་མཚམས་འཇོག་གིས་གཞུང་ལམ་ཡོངས་བཀག་སྡོམ་བྱས་ཡོད་པ་མ་ཟད། ཉིན་རེ་བཞིན་དྲག་ཆས་དམག་དཔུང་ཁ་སྣོན་དང་འབྲེལ་རྫོང་ཐོག་གི་སྲང་ལམ་ཀུན་ལ་དམག་མི་འགྲེམའཇོག་བྱས་ཤིང་། ཞི་རྒོལ་བ་རྣམས་གཅིག་རྗེས་གཉིས་མཐུད་དུ་འཛིན་བཟུང་བཙན་འཁྲིད་བྱེད་བཞིན་ཡོད་འདུག

 

དེ་རིང་གོ་བའི་གནས་ཚུལ་ལྟར་ན། བོད་མི་སུ་ཞིག་རྫོང་ཐོག་ཏུ་སོང་ཚེ་དེ་མ་ཐག་འཛིན་བཟུང་བྱས་ཏེ་གཅར་རྡུང་ཚད་མེད་གཏོང་བཞིན་ཡོད་པ་མ་ཟད།ལྷག་པར་དུ། བོད་མི་རླངས་འཁོར་ཁ་ལོ་བ་ཁྱོ་ཤུག་གཉིས་ཀ་འཛིན་ཟུང་གིས་ད་ཆར་གར་སོང་ཆ་མེད་ཆགས་ཡོད་སྟབས། ཁྱིམ་དུ་ལུས་པའི་ནར་མ་སོན་པའི་ཕྲུ་གུ་རྣམས་ཨ་ཆད་འུ་ཐུག་གི་གནས་སུ་ལྷུང་ཡོད་ལུགས་གོ་ཐོས་བྱུང་ཡང་། ད་ལྟ་ས་གནས་དེ་ཁུལ་གྱི་ཁ་པར་དང་དྲ་རྒྱསོགས་ཀྱི་བརྒྱུད་ལམ་ཡོངས་བཀག་སྡོམ་བྱས་ཡོད་པས། བཟང་ཚང་དེ་གཉིས་ཀྱི་མིང་དང་ལོ་སོགས་ཤེས་རྟོགས་མ་ཐུབ་ལ། གཞན། ད་བར་བོད་མི་ཇི་ཙམ་འཛིན་བཟུང་བྱས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཡང་ཤེས་རྟོགས་དཀའ་བའི་གནས་སུ་གྱར་ཡོད་འདུག ཅེས་བཀོད་འདུག


 

 

 

 

གནས་ཚུལ་གཏོང་མཁན། རྒྱགར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་ཏྲེ་ཧོར་བྲག་མགོ་མི་ཚན་གྱི་སྤྱི་གཉེར་པ་ཐུན་མོང་

Back

Search site

© 2012 All rights reserved. No information or images from this website can be copied or used for any purpose without permission from "KonchoK..com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།